ཨ་མེ་རི་ཁས་ནཱ་ཝ་ལེ་ནེའི་དོན་རྐྱེན་རྒྱུ་མཚན་དུ་བྱས་ཏེ་ཨུ་རུ་སིར་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས། 
2021.03.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 89

ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་གཉིས་ཉིན་ཨུ་རུ་སིའི་ངོ་རྒོལ་ཕྱོགས་ཁག་གི་མི་སྣ་ནཱ་ཝ་ལེ་ནེར་ན་ནིང་ཟླ་བརྒྱད་པར་ཨུ་རུ་སིའི་ཕྱོགས་ཀྱིས་དུག་ཕོག་ཏུ་བཅུག་པའི་ཚུལ་བསྟན་པར་མ་ཟད། དེ་རྒྱུ་མཚན་དུ་བྱས་ནས་ཨུ་རུ་སིར་བཀག་སྡོམ་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་ཨ་མེ་རི་ཁའི་བྱ་སྤྱོད་དེ་ནི་ཨུ་རུ་སི་ལ་ངོ་རྒོལ་བྱེད་ཅིང་དགྲར་འཛིན་གྱི་དཔུང་འཇུག་ཡིན་པ་རེད་ཟེར། 

ཨ་མེ་རི་ཁའི་སྲིད་གཞུང་གི་མཐོ་རིམ་དཔོན་པོ་ཞིག་གིས་ཉིན་དེར་བཤད་རྒྱུར། ཨ་མེ་རི་ཁའི་གསང་འཕྲིན་སྡེ་ཁག་གིས་ཡིད་རྟོན་རུང་བའི་དཔྱད་འཇོག་བྱས་པ་ལས་བལྟས་ན། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡི་མི་སྣས་ན་ནིང་ཟླ་བརྒྱད་པར་ནཱ་ཝ་ལེ་ནེ་ལ་དབང་རྩའི་དུག་ཆུ་བེད་སྤྱོད་བྱས་པ་དེས་རྒྱལ་སྤྱིའི་རྩ་དོན་མངོན་སུམ་འཛེམ་མེད་ཀྱིས་སྣང་མེད་བྱས་པ་ཡིན་པར་འདོད། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ནོར་སྲིད་པུའུ་ཡིས་དེའི་རྗེས་སུ་ཨུ་རུ་སིའི་དཔོན་རིགས་དང་ཚོགས་པ་མང་བོར་དམིགས་པའི་བཀག་སྡོམ་བྱེད་ཐབས་རབ་དང་རིམ་པ་སྤེལ་རྒྱུ་ཁྱབ་སྒྲོག་བྱས། བྱེད་ཐབས་དེ་དག་ཁི་ལི་མུའུ་ལིན་ཕོ་བྲང་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་བདེ་འཇགས་ཅུའུ། ཨུ་རུ་སིའི་གསང་འཕྲིན་སྤྱི་ཁྱབ་ཅུའུ་སོགས་དཔོན་པོ་མང་བོ་དང་ཞིབ་འཇུག་ལས་ཁུངས་མང་བོར་འབྲེལ་ཡོད། ཨ་མེ་རི་ཁའི་ཚོང་དོན་པུའུ་ཡིས་ད་རུང་རྫས་འགྱུར་སྨན་རྫས་ལ་འབྲེལ་བའི་ལས་ཁུངས་བཅུ་བཞི་བཀག་སྡོམ་མིང་ཐོའི་ནང་བཞག་ཡོད་པ་རེད། 

དཔོན་པོ་དེས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་མུ་མཐུད་དུ་ཨུ་རུ་སིར་དམིགས་པའི་བྱེད་ཐབས་བཏོན་ནས། ཨུ་རུ་སིར་དམིགས་པའི་སྲིད་ཇུས་ཐད་ནས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་མཉམ་ལས་སྲུང་འཛིན་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བ་སླར་གོས་བྱེད་པར་བརྩོན་ལེན་མི་བྱེད་པ་དང་། ཨ་མེ་རི་ཁ་དང་ཨུ་རུ་སིའི་འབྲེལ་བ་ཛ་དྲག་ཏུ་འགྲོ་བར་ཡང་བརྩོན་མི་སྲིད་ཟེར། ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཕུའུ་སཱ་ཅི་ཡིས་ཉིན་དེར་རྒྱུན་སྲོལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁས་རང་གི་ཁེ་ཕན་ལ་འཚམ་པའི་གནས་ཚུལ་འོག་ཨུ་རུ་སིའི་བར་མཉམ་ལས་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་བཀག་སྡོམ་བྱེད་ཐབས་ལ་དམིགས་ནས་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། དེ་ནི་ཨུ་རུ་སི་ལ་ངོ་རྒོལ་བྱེད་ཅིང་དགྲར་འཛིན་གྱི་དཔུང་འཇུག་ཅིག་ཡིན་པ་དང་། ནཱ་ཝ་ལེ་ནེར་དུག་ཕོག་པའི་དོན་རྐྱེན་དེ་ནི་དོན་དངོས་སུ་བརྗོད་ན་ཨ་མེ་རི་ཁ་ཕྱོགས་ཀྱིས་མུ་མཐུད་དུ་མངོན་སུམ་འཛེམ་མེད་ཀྱིས་ཨུ་རུ་སིའི་ནང་ཁུལ་གྱི་ལས་དོན་ལ་ཐེ་གཏོགས་བྱེད་པའི་ཁ་གཡོར་ས་ཙམ་ཡིན་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས་ཕྱིར་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་ཨ་མེ་རི་ཁས་ཐལ་དྲགས་པའི་བྱ་སྤྱོད་སྤེལ་མི་རུང་བའི་འབོད་སྐུལ་བཏང་། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།