རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཟླ་བཞི་བར་དབྱི་ལིང་བར་ལག་རྩལ་ཆེད་མཁས་རིམ་པའི་གྲོས་མོལ་སྤེལ་རྒྱུ་རེད། 
2021.03.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 55

རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལོ་ཞི་ཡིས་ཚེས་བཞི་ཉིན་བསྟན་དོན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་ཟླ་བཞི་བའི་ཟླ་མགོར་དབྱི་ལིང་གི་འཐུས་མི་དང་མཉམ་དུ་ལག་རྩལ་ཆེད་མཁས་རིམ་པའི་གྲོས་མོལ་སྤེལ་རྒྱུ་ཡིན་ཟེར། 

ཀི་ལོ་ཞི་ཡིས་ཉིན་དེར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་མོལ་མང་དུ་བྱས་པ་བརྒྱུད་དབྱི་ལིང་ཕྱོགས་ཀྱིས་ཁོས་བཏོན་པའི་གྲོས་གཞི་ཡོངས་སུ་དང་ལེན་བྱས་པ་དང་། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་་ཟླ་བཞི་བའི་ཟླ་མགོར་དབྱི་ལིང་གི་འཐུས་མི་དང་མཉམ་དུ་ལག་རྩལ་ཆེད་མཁས་རིམ་པའི་གྲོས་མོལ་སྤེལ་རྒྱུ་ཡིན་ཟེར། དབྱི་ལིང་གིས་གཙོ་གནད་ཡོད་པ་དང་མ་ལག་ལྡན་པའི་ལས་རིམ་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་བྱ་འགུལ་སྐོར་གྱི་མངོན་གསལ་མིན་པའི་གནད་དོན་དེ་དག་འབུད་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར། 

ཀི་ལོ་ཞི་ཡིས་བཤད་རྒྱུར། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་ལིང་དང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་བཀོད་པའི་བཟོད་སྒོམ་བརྗེད་ཐོར་དགའ་བསུ་བྱེད་བཞིན་ཡོད། ཁོས་བྱ་བ་དེར་ཟླ་དྲུག་པར་སྤེལ་རྒྱུ་ཡིན་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་རྗེས་མའི་སྟེང་ཀུན་གྱི་ཡིད་ཚིམས་པའི་མཇུག་འབྲས་ཤིག་འབྱུང་བར་རེ་ཡོད་ཟེར། 

ཨ་མེ་རི་ཁས་གཏན་འཁེལ་བྱས་པའི་དུས་ཚོད་ནང་དབྱི་ལིང་གི་ཁས་ལེན་ཐོབ་པའི་བཀག་སྡོམ་བྱེད་ཐབས་རྩིས་མེད་དུ་གཏོང་བའི་བྱེད་ཐབས་མ་སྤྱད་པའི་དབང་གིས་དབྱི་ལིང་སྲིད་གཞུང་གིས་ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་ལིང་གྲོས་ཁང་གིས་ན་ནིང་ཟླ་བཅུ་གཉིས་པར་གྲོས་མཐུན་བཀོད་པའི་བཅའ་ཁྲིམས་འཆར་ཟིན་ལྟར་དུ། ཉིན་དེ་ནས་བཟུང་ཉིང་རྡུལ་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་གི་ཟུར་སྣོན་གྲོས་ཆོད་ཡི་གེ་རང་རྟོགས་ཀྱིས་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར་ཡང་། སྔར་བཞིན་ཉིང་རྡུལ་ནུས་པའི་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་དང་དེའི་འགན་སྲུང་གྲོས་ཆོད་བརྩི་སྲུང་བྱེད་རྒྱུའི་ཚུལ་བསྟན། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།