ཨུ་རུ་སི་དང་ཨུ་རུ་སི་དཀར་པོས་དམག་མིའི་མཉམ་འབྲེལ་སྦྱོང་བརྡར་ལྟེ་གནས་གསུམ་འཛུགས་སྐྲུན་བྱེད་རྒྱུ་རེད།
2021.03.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ལྔ་ཉིན་བཤད་རྒྱུར། ཨུ་རུ་སི་དང་ཨུ་རུ་སི་དཀར་པོས་དམག་མིའི་མཉམ་འབྲེལ་སྦྱོང་བརྡར་ལྟེ་གནས་གསུམ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར། 

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་དྲ་ཚིགས་ཀྱིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་བློན་ཆེན་གྱིས་ཉིན་དེར་མའོ་སི་ཁི་ནས་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་དམག་མིའི་མཉམ་འབྲེལ་སྦྱོང་བརྡར་ལྟེ་གནས་གསུམ་འཛུགས་སྐྲུན་བྱེད་རྒྱུ་ཐག་བཅད། དེའི་ནང་སྦྱོང་བརྡར་ལྟེ་གནས་གཉིས་ཨུ་རུ་སིའི་མངའ་ཁོངས་ཀྱི་ནའོ་ཧྥུའུ་ཀི་ལོ་ཏི་ཀྲིག་ཞོལ་མ་དང་ཅཱ་ལི་ཉིན་ཀི་ལེ་ཀྲིག་ཏུ་ཡོད་ལ། གཞན་ཞིག་ཨུ་རུ་སི་དཀར་པོའི་མངའ་ཁོངས་ཀྱི་ཀི་ལོ་ཏི་ནོའུ་ཀྲིག་ཏུ་ཡོད་ཟེར། 

གཞན་ཡང་ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་རྒྱལ་སྲུང་སྡེ་ཁག་གིས་ཚེས་གཉིས་ཉིན་ཡུན་ཚད་ལོ་ལྔ་ཡིན་པའི་འཐབ་ཇུས་མཉམ་ལས་འཆར་གཞི་བཀོད་དེ། རྒྱལ་ཁབ་གཉིས་ཀྱི་དམག་དོན་ཁྱབ་ཁོངས་ཀྱི་མཉམ་ལས་མདུན་ལྗོངས་ལ་འཆར་འགོད་ཞིབ་མོ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་སྐམ་དམག་དང་མཁའ་དམག མཁའ་སྲུང་དམག དམིགས་བསལ་དམག་དཔུང་། མཁའ་འབབ་དམག་སོགས་དམག་རིགས་སྣ་ཚོགས་བར་གྱི་རོགས་ལས་ལ་ཤུགས་སྣོན་བྱེད་བསམ་ཚུལ་གསལ་བོར་བསྟན་ཡོད། 

ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱིས་གཅིག་སྟོང་དགུ་བརྒྱ་གོ་དགུ་ལོའི་ཟླ་བཅུ་གཉིས་པར་ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་མནའ་འབྲེལ་རྒྱལ་ཁབ་ཆིངས་ཡིག་བཀོད་དེ། རྒྱལ་ཁབ་གཉིས་ཀྱིས་རང་རང་གི་རྒྱལ་ཁབ་བདག་དབང་དང་སྒེར་ཚུགས། རྒྱལ་ཁབ་སྒྲིག་ལུགས་བཅས་སྲུང་འཛིན་བྱེད་པའི་ཞོར་དུ་རྒྱལ་ཕྲན་གྱི་ངོ་བོ་ལྡན་པའི་རྒྱལ་ཁབ་འཛུགས་རྒྱུ་གཏན་འཁེལ་བྱས་ཡོད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།