ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། མོང་གོལ་རྒྱལ་ཁབ་བྲེལ་མྱུར་གནས་ཚུལས་སྤྱི་ཁྱབ་ཅུའུ་ཡིས་ཁྱབ་སྒྲོག་བྱས་ཏེ་བཤད་དོན། ཚེས་བཅུ་གསུམ་ཉིན་གྱི་ཚུན་ལ་མོང་གོལ་རྒྱལ་ཁབ་ཀྱི་ས་ཁུལ་མང་ཤོས་སུ་བྱེ་རླུང་དྲག་པོ་གཡུགས་པ་དང་ཁ་བ་བུ་ཡུག་འཚུབས་ནས་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོའི་བར་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱད་ཅུ་གར་སོང་མི་ཤེས་ཟེར།
ཁྱབ་སྒྲོག་ནང་བཤད་དོན། ཚེས་བཅུ་གསུམ་ཉིན་གྱི་ཚུན་ལ། མོང་གོལ་རྒྱལ་ཁབ་ཀྱི་ས་ཁུལ་མང་ཤོས་སུ་རླུང་གཡུག་པའི་མགྱོགས་ཚད་མེའོ་རེར་མུས་ཉི་ཤུ་ནས་ཉེར་བཞི་ཡིན་པ་དང་སྐབས་འགར་མེའོ་རེར་མུས་སུམ་ཅུ་ནས་སོ་བཞི་ཡིན་ལ། བྱང་ཕྱོགས་ས་ཁུལ་དུ་ཁ་བ་བུ་ཡུག་འཚུབས་པ་དང་བྱེ་ཐང་ས་རྒྱུད་དུ་བྱེ་རྡུལ་དྲག་པོ་གཡུག་བཞིན་ཡོད། རྒྱལ་ས་ཝུའུ་ལན་པ་ཐོ་ལ་ཚེས་བཅུ་བཞི་ཉིན་བྱེ་རྡུལ་དྲག་པོས་གནོད་པ་བཟོས།
མོང་གོལ་རྒྱལ་ཁབ་ཀྱི་ཧིག་ཧང་ཨེ་དང་ཀྲུང་ཀི་པུས་སོགས་ཞིང་ཆེན་གང་མང་དུ་བྱེ་རླུང་དྲག་པོ་གཡུགས་པ་དང་ཁ་བ་བུ་ཡུག་འཚུབས་ནས་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་མི་ལྔ་བརྒྱ་དང་ཞེ་བརྒྱད་གར་སོང་མི་ཤེས། ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོའི་བར་དུ་མི་བཞི་བརྒྱ་དང་རེ་བདུན་བཙལ་ནས་བརྙེད་པ་དང་། མི་གྱ་གཅིག་ད་དུང་གར་སོང་མི་ཤེས། རྐྱེན་ལམ་དུ་ཤོར་བའི་མི་དྲུག་གི་ནང་དུ་ལོ་ལྔ་ཅན་གྱི་བྱིས་པ་གཅིག་ཡོད། བྱེ་རྡུལ་དྲག་པོ་གཡུགས་ཏེ་སོག་གུར་ང་བརྒྱད་དང་ཁང་བ་བརྒྱ་དང་ཉེར་གཅིག ལྕགས་དྲ་སོགས་ལ་གཏོར་བརླག་ཚབས་ཆེན་བཟོས་པ་དང་། ཕྱུགས་ཟོག་སྟོང་འགའ་བོར་སོང་ལ། ཤར་ཕྱོགས་ས་ཁུལ་གྱི་གློག་སྐུད་ལ་གཏོར་བརླག་བྱས་ནས་ས་གནས་ཀྱི་གློག་ཆད་འདུག་ཟེར།
གནམ་གཤིས་ཆེད་མཁས་པས་བཤད་དོན། མོང་གོལ་རྒྱལ་ཁབ་ཏུ་བྱེ་རླུང་དྲག་པོ་གཡུག་པ་དེ་སྔོན་ལོ་ལས་ཚབས་ཆེན་ཡིན་པས། འབྲོག་པ་མང་ཚོགས་ཐག་རིང་ལ་མི་འགྲོ་བ་དང་རང་རང་གི་བྱིས་པར་བདག་སྐྱོང་བཟང་བོ་བྱེད་དགོས་ཟེར།
བཀྲ་ཤིས་འབུམ་གྱིས་བསྒྱུར།