ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་གློ་བུར་དུ་ཨ་ཧྥུའུ་ཧན་ལ་འཚམས་འདྲི་བྱས། 
2021.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 89

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཚེས་བཅོ་ལྔ་ཉིན་གློ་བུར་དུ་ཨ་ཧྥུའུ་ཧན་ལ་འཚམས་འདྲི་བྱས་པ་དང་། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་དང་གྲོས་མོལ་བྱས། 

ཨ་ཧྥུའུ་ཧན་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཅཱ་ནེ་ཡིས་ཉིན་དེར་རྒྱལ་ས་ཁཱ་པོར་ནས་པུའུ་ལིན་ཁུན་དང་མཉམ་དུ་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱེད་པ་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་སོགས་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཅཱ་ནེ་ཡིས་བསྟན་དོན། ཨ་ཧྥུའུ་ཧན་གྱིས་ཨ་མེ་རི་ཁའི་སྲིད་གཞུང་གིས་ད་ལོའི་ཟླ་དགུ་བའི་ཚེས་བཅུ་གཅིག་ཉིན་གྱི་སྔོན་ལ་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་ཆོད་དོན་ལ་བརྩི་འཇོག་བྱེད་པ་དང་། ཨ་ཧྥུའུ་ཧན་གྱི་རྒྱལ་སྲུང་དང་བདེ་འཇགས་དམག་དཔུང་གིས་རྒྱལ་ཁབ་རང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཡོད་ཟེར། 

པུའུ་ལིན་ཁུན་གྱིས་བཤད་རྒྱུར། ཨ་མེ་རི་ཁས་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱས་པ་དེས་ཨ་ཧྥུའུ་ཧན་བར་གྱི་འབྲེལ་བ་སྣང་མེད་དུ་བསྐྱུར་བའི་མཚོན་རྟགས་མིན་པ་དང་། ཨ་མེ་རི་ཁས་མུ་མཐུད་དུ་ཨ་ཧྥུའུ་ཧན་དང་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་ཕྱི་འབྲེལ་དང་མི་ཆོས་རིང་ལུགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་ནས། ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་གྲོས་མོལ་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་ལེའུ་གསར་བ་བསྐྲུན་པར་གཅིག་གྱུར་ཡིད་འཐད་བྱུང་། 


བསོད་ནམས་ཚེ་རིང་གིས་བསྒྱུར།