ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་དོན་བརྒྱད་བསད། 
2021.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། སྲིད་གཞུང་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་བསྡོམས་པས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་དོན་བརྒྱད་བསད་ཡོད་ཟེར། 

ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡི་གསལ་སྒྲོག་ལས་བཤད་རྒྱུར། འདས་པའི་དུས་ཚོད་ཉེར་བཞིའི་རིང་། སྲིད་གཞུང་དམག་དཔུང་གིས་ཅཱ་ཙི་ནེ་ཞིང་ཆེན་དང་ཁྲ་པུའུ་ཨར་ཞིང་ཆེན། ཧི་ལཱ་ཐི་ཞིང་ཆེན། ཧི་ཨར་མན་ཏི་ཞིང་ཆེན། ཁན་ཏཱ་ཧཱ་ཞིང་ཆེན་བཅས་ནས་ཐཱ་ལེ་པན་གྱི་དྲག་ཆས་པར་ཆམ་ཕབ་གཏོང་བའི་འགུལ་སྐྱོད་སྤེལ། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་དོན་བརྒྱད་བསད་པ་ལས་གཞན། སྲིད་གཞུང་དམག་དཔུང་གིས་ད་རུང་ཐཱ་ལེ་པེན་གྱི་དྲག་ཆས་ཉེས་ཅན་ཞེ་བཞི་རྨས་ཡོད་ཟེར། 

མིག་སྔར་ཐཱ་ལེ་པན་ཕྱོགས་ཀྱིས་རྒྱལ་སྲུང་པུའུ་ཡི་གོང་གི་གསལ་སྒྲོག་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད། 

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ཧན་གྱི་མུའུ་སི་ལིན་གྱི་སྨྱུང་གནས་ཟླ་འདིའི་ཚེས་བཅུ་གསུམ་ཉིན་ནས་མགོ་བརྩམས་པ་དང་། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཐཱ་ལེ་པན་གྱི་དྲག་ཆས་པས་སྨྱུང་གནས་ཟླ་བའི་སྐབས་སུ་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་ཡང་། ཐཱ་ལེ་པན་གྱི་དང་ལེན་མ་བྱས་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།