ཀྲུང་གོ་དང་ཨེ་ཅིབ་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་ཨེ་ཅིབ་ས་གནས་རང་ནས་ཐོན་སྐྱེད་བྱེད་པའི་མཉམ་ལས་གྲོས་མཐུན་བཀོད། 
2021.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཀྲུང་གོའི་ཁི་ཞིན་ཀུང་ཟི་དང་ཨེ་ཅིབ་ཀྱི་འབྲེལ་ཡོད་ཀུང་ཟིའི་འཐུས་མིས་ཚེས་ཉེར་གཅིག་ཉིན་སོ་སོར་པེ་ཅིང་དང་ཁེ་རོ་ནས་ཀྲུང་གོའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དེ་ཨེ་ཅིབ་ས་གནས་རང་ནས་ཐོན་སྐྱེད་བྱེད་པའི་སྐོར་གྱི་མཉམ་ལས་གྲོས་མཐུན་འགོད་པའི་མཛད་སྒོ་སྤེལ། ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏི་པུའུ་ལེ་དང་ཨེ་ཅིབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལེའོ་ལི་ཆང་གཉིས་ཀྱི་ཨེ་ཅིབ་ཙུང་ལིའི་བཞུགས་ཤག་གི་ཡན་ལག་ཚོགས་ར་ནས་གྲོས་མཐུན་འགོད་པའི་མཛད་སྒོར་ཞུགས་པར་མ་ཟད་གྲོས་མོལ་བྱས། ཨེ་ཅིབ་འཕྲོད་བསྟེན་པུའུ་ཡི་པུའུ་ཀྲང་ཀྲ་ཡེ་ཏི་སོགས་མཛད་སྒོར་ཞུགས། 

མཱ་ཏི་པུའུ་ལེ་ཡིས་ཨེ་ཅིབ་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོ་ཕྱོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ནམ་རྒྱུན་ཨ་ཧྥེ་རི་ཁ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རིམས་ནད་འགོག་བཅོས་བྱེད་པའི་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཉེ་བའི་ལོ་འགའི་རིང་ལ་ཨེ་ཅིབ་དང་ཀྲུང་གོས་ཁྱབ་ཁོངས་སོ་སོར་དངོས་གཉེར་མཉམ་ལས་སྤེལ་བ་དང་། ཁྱད་པར་དུ་རྒྱལ་ཁབ་གཉིས་ཀྱི་རིམས་འགོག་མཉམ་ལས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཨེ་ཅིབ་དང་ཀྲུང་གོའི་དམིགས་བསལ་གྱི་མཛའ་མཐུན་མངོན་པར་མཚོན་ཡོད་པར་གདེང་འཇོག་ཆེན་པོ་བྱས། 

ཁོས་བསྟན་དོན། ཀྲུང་གོའི་འགོག་སྨན་ཨེ་ཅིབ་ས་གནས་རང་ནས་ཐོན་སྐྱེད་བྱེད་པའི་མཉམ་ལས་གྲོས་མཐུན་བཀོད་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། དེ་ནི་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་ཆུ་ཚད་མཐོ་བའི་མཉམ་ལས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་མཐུན་རྒྱུན་འཁྱོངས་བྱས་པ་ཡིན། ཨེ་ཅིབ་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ནས་རིམས་འགོག་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། རིམས་ནད་མཇུག་སྒྲིལ་རྗེས་ཨེ་ཅིབ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་སྲ་བརྟན་དུ་འགྱུར་བ་དང་། རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་མཉམ་ལས་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་ཡིད་ཆེས་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།