ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཀྲང་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་ཐ་ཅི་ཁི་སི་ཐན་གྱི་ཏུའུ་ཧྲང་པེ་ནས་འཚོགས།
2021.07.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཀྲང་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་ཚེས་ཉེར་བརྒྱད་ཉིན་ཐ་ཅི་ཁི་སི་ཐན་གྱི་ཏུའུ་ཧྲང་པེ་ནས་འཚོགས། རྒྱལ་སྲིད་ཨུ་ཡོན་ཞོར་དུ་རྒྱལ་སྲུང་པུའུ་ཀྲང་གི་འགན་འཁུར་མཁན་ཝེ་ཧྥིན་ཧི་ཡིས་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝེ་ཧྥིན་ཧི་ཡིས་བཤད་དོན། ཧྲང་ཧེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་ཉི་ཤུའི་རིང་ལ། རྒྱལ་ཁབ་སོ་སོའི་མགོ་གཙོས་དངོས་སུ་སྐུལ་སྤེལ་བྱས་པ་དང་ཧྲང་ཧེ་སྙིང་སྟོབས་ཀྱི་ནུས་ལྡན་མཛུབ་ཁྲིད་འོག རྒྱལ་ཁབ་སོ་སོའི་འགོག་དོན་ལས་ཁུངས་ཀྱིས་མུ་མཐུད་དུ་འཐབ་ཇུས་ཡིད་ཆེས་ཇེ་བརྟན་དུ་བཏང་བ་དང་། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་བས། ཧྲང་ཧེ་མཉམ་ལས་རྩ་འཛུགས་དེ་རྒྱལ་སྤྱི་དང་ས་གནས་ལས་དོན་ཁྲོད་དུ་གལ་ཆེ་བའི་འཛུགས་སྐྲུན་རང་བཞིན་གྱི་སྟོབས་ཤུགས་སུ་གྱུར་ཡོད། ཁོངས་གཏོགས་རྒྱལ་ཁབ་སོ་སོས་མུ་མཐུད་དུ་འབྲེལ་འདྲིས་དང་བརྗེ་རེས་དམ་པོ་བྱས་ཏེ། མཉམ་ལས་རྐྱེན་སྲོལ་ཆ་ཚང་དུ་གཏོང་བ་དང་། ཆེད་ལས་ཁྱབ་ཁོངས་མཉམ་ལས་རྒྱ་བསྐྱེད་དགོས་ལ། རིམས་ནད་འགོག་བཅོས་ཐད་ཀྱི་མཉམ་ལས་དཔེ་མཚོན་གསར་སྐྲུན་བྱེད་པ་དང་། ཧུར་ཐག་སྒོས་མཉམ་སྐྲུན་དང་མཉམ་སྤྱོད་ཀྱི་བདེ་འཇགས་རྣམ་པ་གསར་སྐྲུན་བྱས་ནས། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

གྲོས་ཚོགས་ཀྱི་སྐབས་སུ། ཝེ་ཧྥིན་ཧི་ཡིས་སྔ་གཞུག་ཏུ་ཕ་ཁི་སི་ཐན་དང་ཨུ་རུ་སི་དཀར་པོ། ཨུ་རུ་སི། ཧ་སག་སི་ཐན། ཅིར་ཅི་སི་སི་ཐན་བཅས་ཀྱི་རྒྱལ་སྲུང་པུའུ་ཀྲང་དང་གྲོས་མོལ་མཛད་དེ་རྒྱལ་སྤྱི་དང་ས་གནས་ཀྱི་གནས་བབ་དང་རྒྱལ་ཁབ་གཉིས་དང་དམག་དཔུང་གཉིས་ཀྱི་འབྲེལ་བ་དང་དེ་མིན་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

                                                                                         བཀྲ་ཤིས་འབུམ་གྱིས་བསྒྱུར།