ཀྲི་ལི་ཡིས་ཤུགས་ཆེན་པོས་གློག་སྒུལ་འགྲིམ་འགྲུལ་འཕེལ་རྒྱས་སུ་གཏོང་རྒྱུ་ཁྱབ་བསྒྲགས་བྱས། 
2021.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཀྲི་ལིའི་ནུས་ཁུངས་པུའུ་ཀྲང་ཧའོ་ཝེ་ཐི་དང་འགྲིམ་འགྲུལ་དང་གློག་འཕྲིན་པུའུ་ཀྲང་ཝུའུ་ཐི་གཉིས་ཀྱིས་ཚེས་བཅོ་ལྔ་ཉིན་ཀྲི་ལི་རྒྱལ་ཁབ་ཀྱི་གློག་སྒུལ་འགྲིམ་འགྲུལ་འཐབ་ཇུས་ཁྱབ་བསྒྲགས་བྱས་ཏེ། ཉིས་སྟོང་སོ་ལྔ་ལོའི་བར་དྲོད་རླངས་ཕྱིར་གཏོང་མེད་པའི་རླངས་འཁོར་འབྲིང་དང་སྤྱི་བའི་འགྲིམ་འགྲུལ་ཡོ་བྱད། འཕྲུལ་ཆས་ཅན་ཆེན་མོའི་ཚོང་རའི་ཕྱིར་འཚོང་འབོར་གྲངས་ཀྱི་ཟིན་ཚད་བརྒྱ་ཆའི་བརྒྱར་བསླེབས་སུ་འཇུག་རྒྱུའི་འཆར་གཞི་ཡོད་པ་རེད། 

ཧའོ་ཝེ་ཐི་ཡིས་བཤད་རྒྱུར། གློག་སྒུལ་འགྲིམ་འགྲུལ་འཐབ་ཇུས་དེ་ཀྲི་ལི་ཡིས་རྒྱལ་སྤྱིའི་ཚད་གཞི་དམིགས་སུ་བཟུང་སྟེ། ཕུལ་དུ་བྱུང་བའི་ཉམས་མྱོང་དང་བྱེད་ཐབས་ལ་སློབ་སྦྱོང་བྱེད་པ་དང་། ཀྲི་ལི་ཡིས་དག་གཙང་ནུས་ཁུངས་རྒྱལ་ཁབ་འཛུགས་པར་ཕན་ཐོགས་ཡོད་ཟེར། 

ཝུའུ་ཐི་ཡིས་བཤད་རྒྱུར། གློག་སྒུལ་འགྲིམ་འགྲུལ་ནི་རྒྱུན་མཐུད་འཕེལ་རྒྱས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པའི་གནད་འགག་ཡིན་ཞིང་། ཀྲི་ལིའི་རྒྱལ་ས་ནས་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་གྱི་ཁ་གྲངས་ལྡབ་འགྱུར་གྱིས་ཇེ་མང་དུ་གཏོང་རྒྱུ་ཡིན་པ་དང་། རྒྱལ་སའི་ཕན་གྱི་ས་ཁུལ་སྐོར་ཞིག་གིས་ཀྱང་ཚོང་འགུག་ལ་བརྟེན་ནས་གློག་སྒུལ་སྤྱི་སྤྱོད་རླངས་འཁོར་ཉོ་སྡུད་བྱེད་རྒྱུ་ཡིན་ཟེར། 

འཐབ་ཇུས་དེ་ལྟར་ན། ཉིས་སྟོང་བཞི་བཅུ་ལོའི་བར། བཟོ་སྐྲུན་འཕྲུལ་ཆས་སོགས་འདུས་པའི་དྲོད་རླངས་ཕྱིར་གཏོང་མེད་པའི་སྤོ་སྒུལ་གྱི་འཕྲུལ་ཆས་ཆུང་བའི་ཚོང་རའི་ཕྱིར་འཚོང་འབོར་གྲངས་དེ་བརྒྱ་ཆའི་བརྒྱར་བསླེབས་སྲིད་པ་དང་། ཉིས་སྟོང་ཞེ་ལྔ་ལོའི་བར་དྲོད་རླངས་ཕྱིར་གཏོང་མེད་པའི་དངོས་སྐྱེལ་རླངས་འཁོར་ཚོང་རའི་ཕྱིར་འཚོང་འབོར་གྲངས་དེ་བརྒྱ་ཆའི་བརྒྱར་བསླེབས་ངེས་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།