ཨུ་རུ་སི་ཡིས་བྱང་ཆིངས་རྩ་འཛུགས་སུ་སྡོད་པ་དང་བྱང་ཆིངས་ཀྱི་ཨུ་རུ་སིར་སྡོད་པའི་འབྲེལ་ཡོད་ལས་ཁུངས་ཀྱི་བྱ་བ་གནས་སྐབས་སུ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས། 
2021.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཨུ་རུ་སི་ཡིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནས་བཟུང་བྱང་ཆིངས་རྩ་འཛུགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་མིའི་ཁྲུའུ་ཡི་བྱ་བ་གནས་སྐབས་སུ་མཚམས་འཇོག་རྒྱུ་ཡིན་པ་དང་། དེའི་ནང་དབུ་བཞུགས་དམག་དོན་འཐུས་མིའི་བྱ་བའང་འདུས། དེའི་ཞོར་དུ་ཨུ་རུ་སི་ཡིས་བྱང་ཆིངས་རྩ་འཛུགས་ཀྱི་མའོ་སི་ཁོ་རུ་སྡོད་པའི་དམག་དོན་འབྲེལ་གཏུག་ཁྲུའུ་ཡི་བྱ་འགུལ་མཚམས་འཇོག་ཏུ་འཇུག་རྒྱུ་ཡིན་ལ། དེའི་ལས་བྱེད་མི་སྣ་དག་གི་ཐོ་འགོད་ཐོབ་ཐང་དེ་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནས་བཟུང་ཕྱིར་བསྡུ་རྒྱུ་ཡིན་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་མའོ་སི་ཁོ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ད་རུང་ཁྱབ་བསྒྲགས་བྱས་དོན། པུ་ལི་ཧྲིལ་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་གི་བྱང་ཆིངས་རྩ་འཛུགས་ཀྱི་མའོ་སི་ཁོ་རུ་སྡོད་པའི་བརྡ་འཕྲིན་ཁྲུའུ་ཡི་བྱ་འགུལ་མཚམས་འཇོག་ཏུ་བཅུག་ཡོད། མའོ་སི་ཁོའི་བར་འབྲེལ་འདྲིས་བྱེད་ཆེད་བྱང་ཆིངས་རྩ་འཛུགས་ཀྱིས་པུ་ལི་ཧྲི་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཆེན་མོར་འབྲེལ་གཏུག་བྱེད་དགོས་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། བྱ་སྤྱོད་དེ་བྱང་ཆིངས་རྩ་འཛུགས་ཀྱི་འགུལ་སྐྱོད་ཀྱི་རྒོལ་ལན་ཡིན། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་མཐར་སྐྲོད་གཏོང་རྒྱུ་ཐག་བཅད་པ་དང་། བྱང་ཆིངས་རྩ་འཛུགས་དེ་ཨུ་རུ་སིའི་བར་འདྲ་མཉམ་གྲོས་མོལ་དང་མཉམ་དུ་བྱ་བ་བྱེད་པར་སྤྲོ་བ་མེད་པའི་ཚུལ་བསྟན་པ་རེད་ཟེར། ཁོས་ད་རུང་བསྟན་དོན། ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་ཀྱིས་ཉེ་སྔོན་དམག་དོན་ཕྱོགས་ནས་འབྲེལ་འདྲིས་གང་ཡང་བྱེད་ཀིན་མེད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།