ནེ་ཝེ་སི་ལ་ཧྥོ་ཏི་ཅོ་ཡི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ། 
2021.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཧྥོ་ཏི་ཅོ་ཡི་ཙུང་ཐུང་འདེམ་བསྐོའི་དཔོན་ཕྱོགས་དྲ་ཚིགས་ཀྱིས་ཚེས་བཅོ་བརྒྱད་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཧྥོ་ཏི་ཅོ་ཡི་ཨ་ཧྥེ་རི་ཁ་གླིང་སྒེར་ཚུགས་ཏང་གི་འདེམ་སྒུག་པ། སྔོན་ཆད་ཀྱི་ཙུང་ལི་ནེ་ཝེ་སི་ལ་ཉེ་སྔོན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ཡོད་ཟེར། 

གཞི་གྲངས་ལས་མངོན་པ་ལྟར་ན། ནེ་ཝེ་སི་ལ་བརྒྱ་ཆའི་ང་གཅིག་དང་གྲངས་ཆུང་བདུན་གྱི་འདེམ་ཤོག་ཐོབ་པ་དང་། ཧྥོ་ཏི་ཅོ་ཡི་དམངས་གཙོ་བརྩོན་ལེན་ལས་འགུལ་གྱི་འདེམ་སྒུག་པ། སྔོན་ཆད་ཀྱི་ཙུང་ལི་ཝེ་ཅཱ་ལ་བརྒྱ་ཆའི་ཞེ་གཉིས་དང་གྲངས་ཆུང་བཞིའི་འདེམ་ཤོག་ཐོབ་ཡོད། འདེམ་ཤོག་འཕེན་པའི་མཇུག་འབྲས་ཁྱབ་བསྒྲགས་བྱས་རྗེས་ཝེ་ཅཱ་ཡིས་བརྙན་འཕྲིན་བརྒྱུད་དེ་འདེམ་བསྐོའི་ཁྲོད་ཕམ་ཉེས་བྱུང་བ་ཁས་ལེན་བྱས། 

ནེ་ཝེ་སི་ལ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཁོས་ཁེངས་སྐྱུང་དང་ཞི་བདེ། འགན་ཁུར་བའི་རྣམ་འགྱུར་གྱིས་ཙུང་ཐུང་གི་འགན་འཁྲི་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཧྥོ་ཏི་ཅོ་ཡི་མང་ཚོགས་ཚང་མར་མཐུན་སྒྲིལ་དང་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 

ད་ལྟ་དགུང་ལོ་རེ་གཅིག་ཡིན་པའི་ནེ་ཝེ་སི་ཡིས་ཉིས་སྟོང་གཅིག་ལོའི་ཟླ་གཉིས་པ་ནས་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཞི་བའི་བར་དུ་ཧྥོ་ཏི་ཅོ་ཡི་ཙུང་ལིའི་འགན་ཁུར་བ་རེད། 

ཧྥོ་ཏི་ཅོ་ཡིས་ཟླ་འདིའི་ཚེས་བཅུ་བདུན་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། ནེ་ཝེ་སི་དང་ཝེ་ཅཱ་འདུས་པའི་འདེམ་སྒུག་མི་སྣ་བདུན་གྱིས་སྐབས་རྗེས་མའི་ཙུང་ཐུང་ལ་འགྲན་རྩོད་བྱས། ཧྥོ་ཏི་ཅོ་ཡི་འདེམ་བསྐོའི་བཅའ་ཁྲིམས་ལྟར་ན། ཙུང་ཐུང་དེ་འདེམ་དམངས་ཀྱིས་ཐད་ཀར་བདམས་ཐོན་བྱེད་པ་ཡིན་ལ། འདེམ་ཤོག་ཕྱེད་ཀའི་ཡན་ཐོབ་པའི་འདེམ་སྒུག་པར་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་དང་། འགན་ཡུན་ལོ་ངོ་ལྔ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།