ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཡེ་ལུའུ་སཱ་ལེམ་ཤར་མ་ས་ཁུལ་ནས་འཁྲུག་རྩོད་དྲག་པོ་བྱས། 
2021.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཕཱ་ལེ་སི་ཐན་གྱི་མང་ཚོགས་དང་དབྱི་སི་རལ་གྱི་ཉེན་རྟོག་པས་ཚེས་བཅུ་དགུ་ཉིན་ཡེ་ལུའུ་སཱ་ལེམ་ཤར་མའི་ཡེ་ལུའུ་སཱ་ལེམ་མཁར་རྙིང་གི་ཏཱ་མཱ་ཧྲི་ཀི་སྒོ་ཆེན་ཉེ་འདབས་སུ་འཁྲུག་རྩོད་བྱས་ཏེ། ཕཱ་ལེ་སི་ཐན་གྱི་མི་བཅུ་བདུན་ལ་རྨས་ཕོག

ཚེས་བཅུ་དགུ་ཉིན་ནི་དབྱི་སི་ལན་ཆོས་ལུགས་ཀྱི་དུས་ཆེན་གལ་ཆེན་ཞིག་ཡིན་ཞིང་། ཕཱ་ལེ་སི་ཐན་གྱི་མང་ཚོགས་མང་བོ་ཏཱ་མཱ་ཧྲི་ཀི་སྒོ་ཆེན་ཉེ་འདབས་སུ་འདུས་ནས་དགའ་སྟོན་རྟེན་འབྲེལ་བྱ་འགུལ་སྤེལ་བཞིན་ཡོད། དེའི་སྐབས་སུ་ཕཱ་ལེ་སི་ཐན་གྱི་མིས་དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་དང་འགྲོ་འོང་བྱེད་པའི་སྤྱི་སྤྱོད་རླངས་འཁོར་ལ་རྡོ་བས་བརྒྱབ་པས། དབྱི་སི་རལ་གྱི་ཉེན་རྟོག་པས་དུད་འཕྱུར་འགད་རྫས་གཏོང་འཕེན་བྱས་ནས་མཐར་སྐྲོད་བཏང་། 

ཕཱ་ལེ་སི་ཐན་གྱི་ཟླ་གསར་དམར་པོ་ཚོགས་པས་བསྟན་དོན། འཁྲུག་རྩོད་ལས་ཕཱ་ལེ་སི་ཐན་གྱི་མི་བཅུ་བདུན་ལ་རྨས་ཕོག་པ་དང་། དེའི་ནང་མི་བཅུ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། དབྱི་སི་རལ་གྱི་མྱུར་སྐྱོབ་རྩ་འཛུགས་ཕུབ་དམར་པོ་ཞེས་པས་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱི་སྤྱི་སྤྱོད་རླངས་འཁོར་ཞིག་དང་འགྲུལ་བ་གཅིག་ལ་རྨས་ཕོག་ཡོད་ཟེར། དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་གསལ་སྒྲོག་སྤེལ་ནས་ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་ཉེར་གཉིས་འཛིན་བཟུང་བྱས་ཡོད་ཟེར། 

དབྱི་སི་རལ་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། བསྟུད་མར་ཉིན་འགའི་རིང་ལ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཏཱ་མཱ་ཧྲི་ཀི་སྒོ་ཆེན་ཉེ་འདབས་སུ་དུས་ངེས་མེད་དུ་འཁྲུག་རྩོད་བྱེད་བཞིན་ཡོད་པ་དང་། ཕཱ་ལེ་སི་ཐན་གྱི་མི་བཅུ་ཕྲག་འགའ་འཛིན་བཟུང་བྱས་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།