ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་ལྔ་བཅུ་བསད། 
2021.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ནེ་ཀྲི་རི་ཡཱའི་དཔོན་རིགས་ཀྱིས་ཚེས་བཅུ་དགུ་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་ཁཱ་ཏུའུ་ནཱ་མངའ་སྡེའི་མཉམ་འབྲེལ་འགུལ་སྐྱོད་ཅིག་གི་ཁྲོད་དུ་དྲག་ཆས་ཉེས་ཅན་ལྔ་བཅུ་ལྷག་བསད་ཟེར། 

ཁཱ་ཏུའུ་ནཱ་མངའ་སྡེའི་ནང་སྲིད་སྡེ་ཁག་གི་འགན་ཁུར་བ་ཨ་ལུའུ་ཝན་གྱིས་ཚེས་བཅུ་དགུ་ཉིན་སྤེལ་བའི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ས་ངོས་དམག་དཔུང་གིས་མཁའ་དམག་གི་གྱེན་འཕུར་གནམ་གྲུའི་རྒྱབ་སྐྱོར་འོག ཚེས་བཅོ་བརྒྱད་ཉིན་མངའ་སྡེ་དེའི་པུས་ཨར་ཉིང་བཀའ་ལི་ས་ཁུལ་དུ་མཉམ་འབྲེལ་འགུལ་སྐྱོད་སྤེལ། དམག་ཕྱོགས་ཀྱིས་སྔ་གཞུག་ཏུ་དྲག་ཆས་ཉེས་ཅན་སྐོར་ཁག་འགའི་བར་འཁྲུག་རྩོད་བྱས་ཏེ། མི་ལྔ་བཅུ་ལྷག་བསད་པ་དང་། གཞན་ཡང་མི་མང་བོར་རྨས་ཕོག་རྗེས་བྲོས་བྱོལ་བྱས་ཟེར། 

ཨ་ལུའུ་ཝན་གྱིས་བཤད་རྒྱུར། ཁཱ་ཏུའུ་ནཱ་མངའ་སྡེའི་སྲིད་གཞུང་གིས་དམག་ཕྱོགས་ཀྱིས་བླངས་པའི་གྲུབ་འབྲས་ལ་དགའ་བའི་ཚུལ་བསྟན་པ་དང་། དམག་དཔུང་གིས་མུ་མཐུད་དུ་དྲག་ཆས་ཉེས་ཅན་ལ་ཆམ་ཕབ་དྲག་པོ་གཏོང་རྒྱུའི་རེ་བ་བཏོན། 

ཉེ་བའི་ཟླ་ངོ་འགའི་རིང་ལ། ནེ་ཀྲི་རི་ཡཱའི་ས་ཁུལ་མང་བོར་བསྟུད་མར་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་སྣ་མང་བོར་ཤི་རྨས་ཐེབས་པའམ་ཡང་ན་བཙན་ཁྲིད་བྱས་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།