ཨ་མེ་རི་ཁ་ནས་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ཞིག་བྱུང་བ་དང་གནམ་གྲུའི་སྟེང་གི་མི་ཉེར་གཅིག་པོ་ཚང་མ་སྲོག་ཉེན་ལས་ཐར། 
2021.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་ལྷོ་ཕྱོགས་ཀྱི་ཏི་ཁི་སཱ་སི་མངའ་སྡེ་རུ་ཚེས་བཅུ་དགུ་ཉིན་གནམ་གྲུ་ཞིག་སར་ལྷུང་བའི་དོན་རྐྱེན་བྱུང་སྟེ། གནམ་གྲུའི་སྟེང་གི་མི་ཉེར་གཅིག་པོ་ཚང་མ་སྲོག་ཉེན་ལས་ཐར་བ་དང་། དེའི་ནང་མི་གཉིས་ལ་རྨས་ཡང་མོ་ཕོག་ཡོད། 

ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་ཅུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ས་དེའི་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་ཡས་མས་སུ། MD-87རྟགས་ཅན་གྱི་གནམ་གྲུ་ཞིག་ཏི་ཁི་སཱ་སི་མངའ་སྡེའི་ཞིག་སི་ཏོན་སྲིད་འཛིན་གནམ་གྲུ་ཐང་ནས་འཕུར་ཏེ་ཅང་མ་འགོར་བར་གློག་སྐུད་ཅིག་ལ་ཐོ་བརྒྱབ་རྗེས་ཞིང་ས་ཞིག་གི་སྟེང་དུ་ལྷུང་བ་རེད་ཟེར། 

བསྒྲགས་པ་ལྟར་ན། གནམ་གྲུའི་སྟེང་དུ་འགྲུལ་བ་བཅོ་བརྒྱད་དང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་གསུམ་ཡོད་པ་ཚང་མ་བདེ་འཇགས་ཡིན་པ་དང་། དེའི་ནང་མི་གཉིས་ལ་རྨས་ཡང་མོ་ཕོག་ཡོད། ཁོ་གཉིས་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས་རྗེས་སྨན་ཁང་ནས་ཕྱིར་བུད་ཡོད། སར་ལྷུང་བའི་གནམ་གྲུ་དེ་སར་ལྷུང་རྗེས་མེར་འབར་བ་དང་། དེ་ལས་བྱུང་བའི་དུད་ནག་སྤྱི་ལེ་འགའི་ཕ་རོལ་ནས་མཐོང་ཐུབ་ལ། རྒུད་སྐྱོབ་མི་སྣས་དུས་ཚོད་གཅིག་ལྷག་བེད་སྤྱད་དེ་མེ་བསད་པ་རེད་ཟེར། 

ས་དེའི་ཁེ་ལས་ལྟེ་གནས་ཀྱི་ནུས་ཁུངས་ཀུང་ཟི་ཡིས་བཤད་རྒྱུར། གནམ་གྲུ་གློག་སྐུད་ལ་ཐོགས་པས་ཉེ་འདབས་ས་ཁུལ་དུ་གློག་ཆད་ཡོད་པ་དང་། ཁྱིམ་ཚང་སྟོང་གཅིག་དང་བརྒྱད་བརྒྱར་ཤུགས་རྐྱེན་ཐེབས་ཡོད། མིག་སྔར་ས་ཁུལ་དེའི་གློག་ཤུགས་མཁོ་འདོན་ཕལ་ཆེར་སླར་གསོ་བྱས་ཡོད། 

མིག་སྔར་དོན་རྐྱེན་དེའི་བྱེ་བྲག་གི་འབྱུང་རྐྱེན་གསལ་བོར་མི་ཤེས། ཨ་མེ་རི་ཁའི་རྒྱལ་ཁབ་སྐྱེལ་འདྲེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།