རྒྱ་གར་བྱང་ཕྱོགས་ཀྱི་ཨ་ཁུན་ཏི་མངའ་སྡེ་རུ་དྲག་ཆར་བབས་ཏེ་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར། 
2021.10.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

རྒྱ་གར་གྱི་ས་ཁུལ་མང་བོར་བསྟུད་མར་ཉིན་འགའི་རིང་དྲག་ཆར་བབས་ཏེ། ལྷོ་ཕྱོགས་ཀྱི་ཁཱ་ལཱ་ལཱ་མངའ་སྡེའི་ཆུ་ལོག་གི་གནོད་འཚེ་བྱུང་རྗེས། བྱང་ཕྱོགས་ཀྱི་ཨ་ཁུན་ཏི་མངའ་སྡེ་ལའང་དྲག་ཆར་བབས་པའི་དབང་གིས་ཆུ་ལོག་དང་རི་ཉིལ་བའི་འཇིགས་པ་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་ཟེར། 

རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་དགུ་ཉིན་བསྒྲགས་པ་ལྟར་ན། ཉིན་དེའི་བར་ཨ་ཁུན་ཏི་མངའ་སྡེ་རུ་བསྟུད་མར་ཉིན་མང་བོར་དྲག་ཆར་བབས་པ་ལས་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར། དྲག་ཆར་ལས་ད་རུང་མངའ་སྡེ་དེའི་ས་ཁུལ་སྐོར་ཞིག་སྲང་ལམ་དང་ཁང་བ་ཆུས་བསྣུབས་པ་དང་། ཟམ་པ་ཆུས་འཁུར་ནས་འགྲིམ་འགྲུལ་ཐད་གནོད་པ་ཐེབས་ཡོད། གནོད་འཚེ་ཐེབས་ཚད་ཅུང་ཚབས་ཆེ་བའི་ནཱ་ནེ་ཐཱ་ཨར་ས་ཁུལ་དུ་རི་ཉིལ་བའི་དོན་རྐྱེན་བྱུང་། མིག་སྔར་ཉུང་མཐར་ཡང་མི་བཅུ་སའི་འོག་ཏུ་མནན་ཡོད་པ་དང་། གནས་སྐོར་བ་བརྒྱ་ཙམ་ས་དེའི་སྤྲོ་སྐྱིད་གླིང་ཞིག་ཏུ་ཁེགས་ཡོད་པ་རེད། 

བསྒྲགས་པ་ལྟར་ན། རྒྱ་གར་གྱི་སྐམ་དམག་གིས་གྱེན་འཕུར་གནམ་གྲུ་གསུམ་མངག་ནས་ཨ་ཁུན་ཏི་མངའ་སྡེ་རུ་སོང་སྟེ། རྒུད་སྐྱོབ་བྱ་བར་རམ་འདེགས་བྱས་པ་དང་། དེའི་ནང་གནམ་གྲུ་གཉིས་ནཱ་ནེ་ཐཱ་ཨར་ས་ཁུལ་དུ་མངག་པ་རེད། ས་དེའི་སྲིད་གཞུང་གིས་གནས་དེར་ཁེགས་པའི་མི་རྣམས་སྔར་གནས་སུ་སྡོད་དགོས་པ་དང་། ནམ་ཟླ་ཇེ་བཟང་དུ་འགྲོ་རག་བར་རང་འདོད་དུ་འགྲོ་མི་རུང་བའི་འབོད་སྐུལ་བཏང་། 


བསོད་ནམས་ཚེ་རིང་གིས་བསྒྱུར།