དབྱི་སི་རལ་གྱིས་ཅོར་ཏན་ཆུ་བོའི་ནུབ་འགྲམ་དུ་གཏན་སྡོད་བྱེད་སའི་སྡོད་ཁང་སྟོང་གཅིག་དང་སུམ་བརྒྱ་ང་ལྔ་འཛུགས་སྐྲུན་བྱེད་རྒྱུ་རེད། 
2021.10.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

དབྱི་སི་རལ་གྱི་ས་ཞིང་དོ་དམ་ཅུའུ་ཡིས་ཚེས་ཉེར་བཞི་ཉིན་ཁྱབ་བསྒྲགས་བྱས་དོན། ཅོར་ཏན་ཆུ་བོའི་ནུབ་འགྲམ་དུ་གཏན་སྡོད་བྱེད་སའི་སྡོད་ཁང་སྟོང་གཅིག་དང་སུམ་བརྒྱ་ང་ལྔ་འཛུགས་སྐྲུན་བྱེད་པའི་ལས་གཞིས་ཚོང་འགུག་བྱེད་མགོ་བརྩམས་ཡོད་ཟེར། 

དབྱི་སི་རལ་གྱི་ས་ཞིང་དོ་དམ་ཅུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་འཛུགས་སྐྲུན་དང་སྡོད་ཁང་ལས་དོན་གྱི་པུའུ་ཀྲང་ཨེ་ཨར་ཅིན་གྱིས་བསྟན་དོན། ཅོར་ཏན་ཆུ་བོའི་ནུབ་འགྲམ་དུ་གཏན་སྡོད་བྱེད་སའི་སྡོད་ཁང་སྟོང་གཅིག་དང་སུམ་བརྒྱ་ང་ལྔ་འཛུགས་སྐྲུན་བྱེད་པའི་ཚོང་འགུག་ཡིག་ཆ་ཆེད་དུ་ཁྱབ་བསྒྲགས་བྱས་པ་ཡིན་ཟེར། 

གཞན་ཡང་དབྱི་སི་རལ་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་དམངས་སྲིད་ཀྱི་ཆེ་མཐོའི་འཆར་འགོད་དང་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་གྲོས་ཚོགས་བསྡུ་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་ཅོར་ཏན་ཆུ་བོའི་ནུབ་འགྲམ་དང་ཡེ་ལུའུ་སཱ་ལེམ་ཤར་མ་རུ་གཏན་སྡོད་བྱེད་སའི་སྡོད་ཁང་གཞན་པ་སྟོང་གསུམ་དང་བརྒྱ་དང་ཞེ་བཞི་འཛུགས་སྐྲུན་བྱེད་པའི་ལས་གཞིར་ཆོག་མཆན་འགོད་རྒྱུ་རེད་ཟེར། 

དབྱི་སི་རལ་གཡོན་ཕྱོགས་སྲིད་ཏང་མཱེ་ལོས་ཚི་ཏང་གིས་ཆོད་དོན་དེ་འདྲ་སྤེལ་བར་ཡིད་འཕང་བའི་ཚུལ་བསྟན། མཱེ་ལོས་ཚི་ཏང་གི་གྲོས་མི་མའོ་ཞི་ལཱ་ཙི་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་མངའ་ཁོངས་མ་ཡིན་པའི་ས་ཁོངས་གཞན་ནས་གཏན་སྡོད་བྱེད་སའི་སྡོད་ཁང་གསར་དུ་འཛུགས་སྐྲུན་བྱེད་པ་དེས་དབྱི་སི་རལ་རང་ཉིད་ལ་གནོད་འབྱུང་སྲིད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།