ཡེ་མིན་རྒྱལ་ཁབ་ཀྱི་ཧུའུ་སེ་དྲག་ཆས་རྩ་འཛུགས་ཀྱིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། དྲག་ཆས་རྩ་འཛུགས་ཀྱིས་ཉིན་དེར་འགད་རྫས་བཏེགས་པའི་མི་མེད་གནམ་གྲུ་ཞིག་གིས་སོ་ཏི་ཨ་རབ་མངའ་ཁོངས་ཀྱི་དམིགས་འབེན་རེ་འགའ་ལ་འཇབ་རྒོལ་བྱས།
ཡེ་མིན་ཧུའུ་སེ་དྲག་ཆས་རྩ་འཛུགས་ཀྱིས་ཚོད་འཛིན་བྱས་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཧུའུ་སེ་དྲག་ཆས་ཀྱི་གཏམ་བཤད་པ་ཡེ་ཧེ་ཡ་སཱ་ལེ་ཨ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་གྱིས་ཡེ་མིན་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ལ་རྒོལ་ལན་སྤྲོད་ཆེད། དྲག་ཆས་རྩ་འཛུགས་དེས་མི་མེད་གནམ་གྲུ་བཀོལ་ནས་སོ་ཏི་ཨ་རབ་མངའ་ཁོངས་ཀྱི་ཧེ་མིས་སི་མུའུ་ཞེ་ཐི་གྲོང་ཁྱེར་གྱི་རྒྱལ་བོ་ཧྭ་ལིས་ཏིའི་མཁའ་དམག་རྟེན་གཞི་དང་། ཅི་ཏཱ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་གནམ་གྲུ་ཐང་། སོ་ཏི་ཨ་མེ་ཀུང་ཟིའི་སྣུམ་བཙག་བཟོ་གྲ་བྱས་དམིགས་ས་རེ་འགའ་ལ་འཇབ་རྒོལ་བྱས་པ་ཡིན་ཟེར།
གཞན་ཡང་སོ་ཏི་ཨ་རབ་ཀྱི་ཨ་ལ་པི་ཡ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། རྒྱལ་ཁང་མང་པོའི་མཉམ་འབྲེལ་དམག་གིས་ཉིན་དེར་ཧུའུ་སེ་དྲག་ཆས་ཀྱིས་ཡེ་མིན་སཱ་ན་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་སོ་ཏི་ཨ་རབ་མངའ་ཁོངས་སུ་བཏང་བའི་འབར་རྫས་བཏེགས་པའི་མི་མེད་གནམ་གྲུ་དེ་བཀག་འགོག་བྱས་པ་མ་ཟད། ཧུའུ་སེ་དྲག་ཆས་ཕྱོགས་ཀྱི་འཇིགས་སྐུལ་གཞན་དག་ལ་ཁ་གཏད་འཇལ་གྱིན་ཡོད་ཟེར།
ད་ལོའི་ཟླ་གཉིས་པ་ནས་བཟུང་། ཧུའུ་སེ་དྲག་ཆས་ཀྱིས་ཡེ་མིན་མཱ་ལིས་ཕུའུ་ཞིང་ཆེན་ནས་གཞི་རྒྱ་ཆེན་པོས་དཔུང་འཇུག་བྱས་པ་དང་བསྟུན་ནས། རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གིས་ཧུའུ་སེ་དྲག་ཆས་ལ་བར་སྣང་འཇབ་རྒོལ་བྱེད་ཤུགས་ཇེ་ཆེ་རུ་བཏང་། ཟླ་བཅུ་པའི་ཟླ་དཀྱིལ་ནས་བཟུང་། རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གིས་ཉིན་རེར་ཧུའུ་སེ་དྲག་ཆས་མི་སྣ་བཅུ་ཕྲག་ནས་བརྒྱ་ཕྲག་ལྷག་རེ་བསད་པའི་གནས་ཚུལ་བཤད་ཀྱིན་འདུག་མོད། ཧུའུ་སེ་དྲག་ཆས་ཀྱིས་ཤི་རྨས་བྱུང་བའི་གནས་ཚུལ་གྱི་ཁ་གྲངས་སོགས་གསལ་བོར་བསྒྲགས་མེད།
ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་པར། ཧུའུ་སེ་དྲག་ཆས་ཀྱིས་ཡེ་མིན་གྱི་རྒྱལ་ས་སཱ་ན་འཕྲོག་པ་དང་། ཕྱིས་སུ་སླར་ཡང་ཡེ་མིན་གྱི་ལྷོ་ཕྱོགས་ས་ཁུལ་བཙན་བཟུང་བྱས། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པར། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱིས་ཧུའུ་སེ་དྲག་ཆས་ལ་རླུང་ནག་འཚུབ་མ་ཞེས་པའི་དམག་དོན་འགུལ་སྐྱོད་སྤེལ། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཀའ་བཀོད་འོག་ནས། ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་ཀྱིས་དམག་འཁྲུག་མཚམས་བཞག་ཅིང་། ཕན་ཚུན་བཟུང་དམག་བརྗེ་རེས་སོགས་གྱི་གྲོས་གཞི་ལ་མོས་མཐུན་བྱུང་མོད། ཅང་མ་འགོར་བར་ཕྱོགས་གཉིས་ཀྱིས་ཕ་རོལ་པོས་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་བཏང་བར་སྐྱོན་འཛུགས་བྱེད་རེས་བྱས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།