མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་། 
2021.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་གཅིག་ཉིན་འཛམ་གླིང་གི་འགྲིམ་འགྲུལ་དོན་རྐྱེན་གྱི་གནོད་ཐེབས་མཁན་གྱི་རྗེས་དྲན་ཉིན་མོར་ཞུ་ཚིག་ཕུལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་འཛམ་གླིང་གི་ས་ཁུལ་སོ་སོའི་འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། འཛམ་གླིང་ཡོངས་སུ་ཆ་སྙོམས་སྐར་ཆ་ཉེར་བཞིའི་ནང་མི་གཅིག་འགྲིམ་འགྲུལ་དོན་རྐྱེན་ལས་ཚེ་སྲོག་ཤོར་བཞིན་ཡོད། ད་ལོའི་འཛམ་གླིང་གི་འགྲིམ་འགྲུལ་དོན་རྐྱེན་གྱི་གནོད་ཐེབས་མཁན་གྱི་རྗེས་དྲན་ཉིན་མོའི་བརྗོད་སྙིང་ལས་འགྲིམ་འགྲུལ་འགྲོས་ཚད་ཇེ་དམའ་རུ་བཏང་ནས་ཤི་རྨས་ཐེབས་པར་སྔོན་འགོག་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཡོད་པ་དང་། ཁྱད་པར་དུ་ན་གཞོན་དང་ལམ་འགྲོ་བ། བྱིས་པ། ལོ་ལོན། དབང་བོ་སྐྱོན་ཅན་སོགས་གནོད་པ་ཐེབས་སླ་བའི་མིའི་ཤི་རྨས་སྔོན་འགོག་བྱེད་པའི་གལ་ཆེན་རང་བཞིན་ནན་གྱིས་བསྟན་ཡོད། 

ཀུའུ་ཐི་ལོས་སི་ཡིས་རྒྱལ་ཁབ་དང་ཁེ་ལས། སྤྱི་དམངས་བཅས་ཀྱིས་རྒྱལ་ཁབ་སོ་སོར་རྒྱབ་སྐྱོར་བྱེད་པ་དང་། ཁྱད་པར་དུ་ཡོང་འབབ་འབྲིང་ཉུང་གི་རྒྱལ་ཁབ་དག་གི་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་བྱ་བར་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ་བཏང་། ཁོས་ཁོངས་གཏོགས་རྒྱལ་ཁབ་ཚང་མ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་དང་འབྲེལ་བའི་སྤྱི་ཆིངས་སྣ་ཚོགས་ནང་ཞུགས་པའི་སྐུལ་མ་བཏང་བ་དང་། ཞོར་དུ་ཞལ་འདེབས་འབུལ་མཁན་ཚང་མས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཐེབས་རྩ་ཡིས་མྱུར་མཁོ་ཁ་སྣོན་བྱས་པའི་ནོར་སྲིད་དང་ལག་རྩལ་ཞལ་འདེབས་འབུལ་དགོས་པའི་སྐུལ་མ་བཏང་། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། འགྲིམ་འགྲུལ་དོན་རྐྱེན་ལས་ལོ་རེར་འཛམ་གླིང་ཡོངས་སུ་མི་ས་ཡ་གཅིག་དང་འབུམ་གསུམ་གྱི་ཚེ་སྲོག་ཤོར་བཞིན་ཡོད་པ་དང་། ཧ་ལམ་མི་བྱེ་བ་ལྔར་རྨས་ཕོག་བཞིན་ཡོད། བྱིས་པ་དང་ན་གཞོན་གྱི་ཚེ་སྲོག་ཤོར་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད་ཟེར། མིག་སྔའི་གནས་བབ་ལྟར་ན། ཕྱིན་ཆད་ཀྱི་ལོ་ངོ་བཅུའི་འགྲིམ་འགྲུལ་དོན་རྐྱེན་ལས་ད་རུང་མི་བྱེ་བ་གཅིག་དང་ས་ཡ་གསུམ་ཙམ་རྐྱེན་ལམ་དུ་ཤོར་སྲིད་པ་དང་། མི་དུང་ཕྱུར་ལྔ་ལྷག་ལ་རྨས་ཕོག་སྲིད། དེ་གཙོ་བོ་ཡོང་འབབ་འབྲིང་ཉུང་གི་རྒྱལ་ཁབ་དག་འདུས་ཡོད་ཟེར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་བཅུ་བའི་ཟླ་མཇུག་ཏུ་སྤེལ་བའི་འགྲིམ་འགྲུལ་བདེ་འཇགས་འགུལ་སྐྱོད་ཀྱི་ལོ་བཅུའི་འཛམ་གླིང་ཡོངས་ཀྱི་འཆར་གཞིའི་ཁྲོད། རྒྱལ་ཁབ་སོ་སོས་བྱེད་ཐབས་སྤྱད་དེ་ཆེས་ཕྱིས་ན་ཉིས་སྟོང་སུམ་ཅུ་ལོའི་བར་འགྲིམ་འགྲུལ་དོན་རྐྱེན་གྱི་ཤི་རྨས་ཐེབས་པའི་མི་གྲངས་དེ་ཉུང་མཐར་ཡང་བརྒྱ་ཆའི་ལྔ་བཅུ་ཇེ་ཉུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།