ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཙུང་ལི་ཡིས་ཙུང་ཐུང་འདེམ་བསྐོའི་ནང་ཞུགས་རྒྱུ་ཁྱབ་བསྒྲགས་བྱས། 
2021.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཙུང་ལི་ཏི་པེ་པཱ་ཡིས་ཚེས་ཉེར་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན། ཁོ་རང་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞིའི་ཉིན་སྤེལ་རྒྱུ་ཡིན་པའི་ཙུང་ཐུང་འདེམ་བསྐོའི་ནང་ཞུགས་རྒྱུ་ཡིན་ཟེར། 

ཏི་པེ་པཱ་ཡིས་ཉིན་དེར་རྒྱལ་ས་ཏི་ལོས་པའི་ལི་རུ་ཡོད་པའི་རྒྱལ་ཁབ་མཐོ་རིམ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་ལ་འདེམ་བསྐོའི་ནང་ཞུགས་པའི་རྒྱུ་ཆ་སྤྲད་པ་དང་། དེའི་རྗེས་སུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁོ་རང་ཙུང་ཐུང་འདེམ་བསྐོའི་ནང་ཞུགས་རྒྱུ་ཁྱབ་བསྒྲགས་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མགོ་འཛིན་འོག ལི་པུ་ཡཱའི་ཆབ་སྲིད་གྲོས་མོལ་གླེང་སྟེགས་གྲོས་ཚོགས་ཀྱིས་ད་ལོའི་ཟླ་གཉིས་པར་སུའེ་ཙེར་གྱི་རི་ནེ་ཝ་ནས་འདེམ་བསྐོའི་བྱ་འགུལ་སྤེལ་ནས་ལི་པུ་ཡཱའི་གཅིག་གྱུར་གནས་སྐབས་སྲིད་འཛིན་ལས་ཁུངས་བདམས་ཐོན་བྱུང་བ་དང་། ཏི་པེ་པཱ་ལི་པུ་ཡཱའི་བར་བརྒལ་སྲིད་གཞུང་གི་ཙུང་ལིར་བདམས་པ་ཡིན་ལ། ཟླ་གསམ་པར་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་རེད། 

ལི་པུ་ཡཱའི་ཆབ་སྲིད་གྲོས་མོལ་གླེང་སྟེགས་ཀྱིས་ཁྱབ་སྒྲོག་བྱས་པའི་ལམ་ཐིག་རི་མོ་ལྟར་ན། ཚོད་དཔག་ལྟར་ན་ལི་པུ་ཡཱ་ཡིས་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞིའི་ཉིན་ཙུང་ཐུང་དང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད། ལི་པུ་ཡཱའི་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཟླ་བཅུ་བའི་ཚེས་ལྔ་ཉིན་ཆོད་དོན་སྤེལ་ནས། གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་དེ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོར་རྗེས་སྣུར་བྱེད་རྒྱུའི་ཐག་བཅད། མིག་སྔར་ལི་པུ་ཡཱའི་རྒྱལ་དམངས་དམག་དཔུང་གི་མགོ་ཁྲིད་པ་ཧཱ་ཧྥུའུ་ཐཱ་ཨར་དང་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱི་ཀྲུའུ་ཞི་དབྱེ་སཱ་སོགས་ཡིས་ཙུང་ཐུང་འདེམ་བསྐོའི་ནང་ཞུགས་རྒྱུ་ཁྱབ་བསྒྲགས་བྱས་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།