པུར་ཀ་རི་ཡཱ་ཡིས་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ། 
2021.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

པུར་ཀ་རི་ཡཱ་ཡིས་ཚེས་ཉེར་གཅིག་ཉིན་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་བ་དང་། འདེམ་དམངས་ཀྱིས་ད་ལྟའི་ཙུང་ཐུང་ལཱ་ཏི་ཧྥུའུ་དང་སོ་ཧྥེ་ཡཱ་སློབ་ཆེན་གྱི་སློབ་གཙོ་ཀི་ཨར་ཅི་ཁི་ཧྥུའུ་གཉིས་ལས་སྐབས་རྗེས་མའི་ཙུང་ཐུང་འདེམ་བསྐོ་བྱེད་རྒྱུ་རེད། 

སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་དེ་སྔ་དྲོའི་དུས་ཚོད་བདུན་ནས་མགོ་བརྩམས་པ་དང་། དགོང་མོའི་དུས་ཚོད་བརྒྱད་སྟེང་མཇུག་སྒྲིལ། ཚོད་དཔག་བྱས་ན་མཇུག་འབྲས་དེ་ཟླ་འདིའི་ཚེས་ཉེར་བཞི་ཉིན་ཁྱབ་སྒྲོག་བྱེད་རྒྱུ་རེད། 

པུར་ཀ་རི་ཡཱའི་ཡིས་ཟླ་འདིའི་ཚེས་བཅུ་བཞིའི་ཉིན་ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་བ་དང་། འདེམ་སྒུག་མི་སྣ་ཉེར་གསུམ་འགྲན་རྩོད་ལ་ཞུགས། པུར་ཀ་རི་ཡཱའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་བདུན་ཉིན་ཁྱབ་སྒྲོག་བྱས་དོན། ཙུང་ཐུང་གི་འདེམ་སྒུག་མི་སྣ་ཉེར་གསུམ་ལས་ཕྱེད་གྲངས་བརྒལ་མཁན་གཅིག་ཀྱང་མེད་པས། སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པ་ལས་ཙུང་ཐུང་བདམས་ཐོན་བྱུང་མེད་པས་སྐོར་ཐེངས་གཉིས་པར་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ་དགོས་བྱུང་། འདེམ་དམངས་དག་གིས་སྐོར་ཐེངས་སྔོན་མའི་འདེམ་ཤོག་ཐོབ་ཚད་ཆེས་མང་བའི་འདེམ་སྒུག་པ་གཉིས་ལས་ཙུང་ཐུང་བདམས་དགོས་པ་དང་། འདེམ་ཤོག་ཐོབ་ཚད་ཆེས་མཐོ་བ་གདམ་གསེས་ལ། སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་གྱི་འདེམ་ཤོག་ཐོབ་ཚད་ལ་རེ་བ་མེད་པ་རེད། 

ཀི་ཨར་ཅི་ཁི་ཧྥུའུ་ལ་ཐེངས་འདིའི་འདེམ་བསྐོའི་ཁྲོད་སྲིད་འཛིན་ཏང་པུར་ཀ་རི་ཡཱའི་སྤྱི་དམངས་ཏང་གི་རྒྱབ་སྐྱོར་ཐོབ་ཡོད་ལ། ལཱ་ཏི་ཧྥུའུ་ལ་པུར་ཀ་རི་ཡཱའི་སྤྱི་ཚོགས་ཏང་དང་འདི་ལྟ་བུའི་མི་རིགས་ཤིག་ཡོད་ཅེས་པ་སོགས་སྲིད་ཏང་མང་བོའི་རྒྱབ་སྐྱོར་ཐོབ་ཡོད། 

པུར་ཀ་རི་ཡཱའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་དེ་འདེམ་དམངས་ཀྱིས་ཐད་ཀར་བདམས་ཐོན་བྱེད་དགོས་པ་དང་། འགན་ཡུན་ལོ་ལྔ་ཡིན་ལ། བསྟུད་འགན་ཐེངས་གཅིག་ཁུར་ཆོག ལཱ་ཏི་ཧྥུའུ་ལ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཅིག་པར་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པ་དང་། ཉིས་སྟོང་བཅུ་བདུན་ལོའི་ཟླ་དང་པོར་པུར་ཀ་རི་ཡཱའི་ཙུང་ཐུང་གི་འགན་ཁུར། ཁོའི་འགན་ཡུན་དེ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོར་མཇུག་སྒྲིལ་བ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།