ཧཱ་མུའུ་ཏུའུ་ཁིའི་སུའུ་ཏན་བར་བརྒལ་སྲིད་གཞུང་གི་ཙུང་ལིའི་ལས་འགན་སླར་གསོ་བྱས། 
2021.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན། ཧཱ་མུའུ་ཏུའུ་ཁི་ཡིས་སུའུ་ཏན་གྱི་ཁཱ་ཐུའུ་མུའུ་ནས་ཆབ་སྲིད་བསྒྲགས་གཏམ་སྤེལ་རྗེས་གཏམ་བཤད་སྤེལ། 


འདི་ནི་ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན། སུའུ་ཏན་གྱི་ཁཱ་ཐུའུ་མུའུ་ནས་ཆབ་སྲིད་བསྒྲགས་གཏམ་འགོད་པའི་མཛད་སྒོའི་རྣམ་པ་རེད། 

སུའུ་ཏན་བར་བརྒལ་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན་དང་དེའི་སྔོན་ལས་འགན་བླངས་པའི་བར་བརྒལ་སྲིད་གཞུང་གི་ཙུང་ལི་ཧཱ་མུའུ་ཏུའུ་ཁི་ཡིས་ཚེས་ཉེར་གཅིག་ཉིན་ཁཱ་ཐུའུ་མུའུ་ནས་ཆབ་སྲིད་བསྒྲགས་གཏམ་བཀོད། ནང་དོན་ལ་ཧཱ་མུའུ་ཏུའུ་ཁི་ཡང་བསྐྱར་སུའུ་ཏན་བར་བརྒལ་སྲིད་གཞུང་གི་ཙུང་ལིར་བསྐོ་འཇོག་བྱེད་པ་སོགས་འདུས། ཧཱ་མུའུ་ཏུའུ་ཁི་ཡིས་ལག་རྩལ་རྣམ་པ་ཅན་གྱི་དཔོནརིགས་ཀྱིས་གྲུབ་པའི་སྒེར་ཚུགས་ནེ་ཀི་རྩ་འཛུགས་བྱེད་རྒྱུ་རེད། 

ཆབ་སྲིད་བསྒྲགས་གཏམ་ལ་ནང་དོན་སྣ་བཅུ་བཞི་འདུས་ཡོད་ཅིང་། དེའི་ནང་ཧཱ་མུའུ་ཏུའུ་ཁི་ཡི་སུའུ་ཏན་བར་བརྒལ་སྲིད་གཞུང་གི་ཙུང་ལིའི་ལས་འགན་སླར་གསོ་བྱེད་པ་དང་། དེའི་སྔོན་ཆབ་སྲིད་རྒྱུ་རྐྱེན་དབང་གིས་འཛིན་བཟུང་བྱས་པའི་མི་སྣ་ཕྱིར་གཏོང་བ། བར་བརྒལ་དུས་སྐབས་སུ་རྒྱལ་ཁབ་འབྲེལ་ཡོད་ལས་ཁུངས་ཀྱི་རྩ་འཛུགས་ཡོངས་འགྲུབ་བྱེད་པ། ཉེ་སྔོན་ངོ་རྒོལ་ཁྲོམ་སྐོར་བྱ་འགུལ་ཁྲོད་བྱུང་བའི་ཤི་རྨས་དོན་རྐྱེན་ལ་རྟོག་ཞིབ་བྱེད་པ་སོགས་འདུས། ཆབ་སྲིད་བསྒྲགས་གཏམ་ལས་ད་རུང་གཏན་འཁེལ་བྱས་དོན། སུའུ་ཏན་བར་བརྒལ་བདག་དབང་ཨུ་ཡོན་ལྷན་ཁང་གི་ལས་འགན་ནི་བར་བརྒལ་སྲིད་གཞུང་གིས་སྲིད་འཛིན་ལ་ཐེ་གཏོགས་མི་བྱེད་པའི་གནས་ཚུལ་འོག་རྒྱལ་ཁབ་ཀྱི་བར་བརྒལ་འཕེལ་རིམ་ལ་ལྟ་རྟོག་བྱེད་རྒྱུ་རེད། 

སུའུ་ཏན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། སུའུ་ཏན་དམག་ཕྱོགས་ཀྱིས་ཚེས་ཉེར་གཅིག་ཉིན་ཧཱ་མུའུ་ཏུའུ་ཁི་སོགས་ཀྱི་བཀག་སྡོམ་བྱེད་ཐབས་མེད་པར་བཏང་ཡོད་ཟེར། 

པུའུ་ཨར་ཧན་གྱིས་མིང་འགོད་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། ཐེངས་འདིར་མིང་འགོད་པའི་ཆབ་སྲིད་བསྒྲགས་གཏམ་གྱིས་སུའུ་ཏན་བར་བརྒལ་དུས་སྐབས་ཀྱི་རྨང་གཞི་བཏིང་ཡོད་ཟེར། ཁོས་བསྟན་དོན། སུའུ་ཏན་བར་བརྒལ་འཕེལ་རིམ་ཡོངས་འགྲུབ་བྱས་ཏེ་སུའ་ཏན་དུ་རང་དབང་དང་འདྲ་མཉམ་གྱི་འདེམ་བསྐོའི་བྱ་འགུལ་སྤེལ་བ་མངོན་འགྱུར་བྱེད་དགོས་ཟེར། 

ཧཱ་མུའུ་ཏུའུ་ཁི་ཡིས་སུའུ་ཏན་རྒྱལ་ནང་གི་འབྲེལ་ཡོད་ཆབ་སྲིད་སྟོབས་ཤུགས་དག་གིས་དཀའ་སྡུག་མཉམ་མྱོང་དང་མི་དམངས་ལ་མཐུན་སྒྲིལ་བྱས་ཏེ། སྲ་བརྟན་གྱི་དམངས་གཙོའི་ལམ་ལུགས་འཛུགས་དགོས་པའི་སྐུལ་མ་བཏང་། 


བསོད་ནམས་ཚེ་རིང་གིས་བསྒྱུར།