ཡེ་མིན་ཧུའུ་སེ་དྲག་ཆས་པས་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་སོ་ཏི་ཨ་རབ་མངའ་ཁོངས་ཀྱི་དམིགས་འབེན་མང་བོར་འཇབ་རྒོལ་བྱས། 
2021.11.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། དྲག་ཆས་རྩ་འཛུགས་དེས་ཉིན་དེར་འགད་རྫས་སྒྲིག་སྦྱོར་བྱས་ཡོད་པའི་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་སོ་ཏི་ཨ་རབ་མངའ་ཁོངས་ཀྱི་དམིགས་འབེན་མང་བོར་འཇབ་རྒོལ་བྱས། 

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལི་ཨ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ལ་རྒོལ་ལན་སྤྲོད་ཆེད། དྲག་ཆས་རྩ་འཛུགས་དེས་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་སོ་ཏི་ཨ་རབ་མངའ་ཁོངས་ཀྱི་ཧེ་མུསུ་སི་མུའུ་ཞེ་ཐི་གྲོང་ཁྱེར་གྱི་ཧཱ་ལི་འཇར་མན་གྱི་མཁའ་དམག་རྟེན་གཞི་དང་ཅི་ཏཱ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་གནམ་གྲུ་ཐང་། སོ་ཏི་ཨ་རབ་ཀྱི་ཨ་མཱེ་ཀུང་ཟིའི་རྡོ་སྣུམ་བཙོ་སྦྱངས་བཟོ་གྲྭ་སོགས་དམིགས་འབེན་མང་བོར་འཇབ་རྒོལ་བྱས་ཟེར། 

གཞན་ཡང་སོ་ཏི་ཨ་རབ་ཀྱི་ཨ་ལཱ་པུས་ཡཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཉིན་དེར་ཧུའུ་སེ་དྲག་ཆས་པས་ཡེ་མིན་གྱི་སཱ་ནཱ་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་སོ་ཏི་ཨ་རབ་ཀྱི་མངའ་ཁོངས་སུ་བཏང་བའི་འགད་རྫས་ཡོད་པའི་མི་བསྡད་མེད་པའི་གནམ་གྲུ་བཀག་པ་དང་། ཧུའུ་སེ་དྲག་ཆས་པས་བཟོས་པའི་འཇིགས་ཉེན་གཞན་པ་ཐག་གཅོད་བྱེད་བཞིན་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།