ཝུའུ་ཁི་ལན་གྱི་མཐའ་སྲུང་དམག་དཔུང་གིས་ཝུའུ་ཁི་ལན་དང་ཨུ་རུ་སི་དཀར་པོའི་མཐའ་མཚམས་ས་ཁུལ་དུ་དམག་དོན་སྦྱོང་བརྡར་སྤེལ། 
2021.11.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཝུའུ་ཁི་ལན་རྒྱལ་ཁབ་ཀྱི་མཐའ་སྲུང་ཅུའུ་ཡི་དྲ་ཚིགས་ལས་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། མཐའ་མཚམས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བྱེད་པའི་དམིགས་བསལ་འགུལ་སྐྱོད་ཀྱི་ཁག་ཅིག་ཡིན་པའི་ཆ་ནས། ཝུའུ་ཁི་ལན་གྱི་མཐའ་སྲུང་དམག་དཔུང་གིས་ཉིན་དེར་ཝུའུ་ཁི་ལན་བྱང་ཤར་ཕྱོགས་ནས་ཨུ་རུ་སི་དཀར་པོའི་བར་འདབས་འབྲེལ་དུ་ཡོད་པའི་ཆེ་ཨར་ནེ་ཀི་ཧྥུའུ་མངའ་སྡེ་ནས་དམག་དོན་སྦྱོང་བརྡར་སྤེལ་ཟེར། 

བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་མཐའ་སྲུང་དམག་དཔུང་དང་རྗེས་གྲབས་དམག་མིས་ཆེ་ཨར་ནེ་ཀི་ཧྥུའུ་མངའ་སྡེ་ཡི་མཐའ་སྲུང་ས་ཁོངས་བཞི་རུ་དུས་མཉམ་དུ་དམག་དོན་སྦྱོང་བརྡར་སྤེལ་བ་རེད། 

ཚེས་ཉེར་ལྔ་ཉིན། ཝུའུ་ཁི་ལན་གྱི་མཐའ་སྲུང་དམག་དཔུང་གིས་ཨུ་རུ་སི་དཀར་པོ་དང་འདབས་འབྲེལ་དུ་ཡོད་པའི་རི་ཐའོ་མུས་ཨར་མངའ་སྡེ་ནས་ཀྱང་རིགས་དེ་མཚུངས་ཀྱི་དམག་དོན་སྦྱོང་བརྡར་སྤེལ་བ་རེད། 

ཁྱིམ་མཚེས་རྒྱལ་ཁབ་ཨུ་རུ་སི་དཀར་པོའི་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་ཆེད། ཝུའུ་ཁི་ལན་ཁྲིམས་འཛིན་སྡེ་ཁག་གིས་ཚེས་ཉེར་གསུམ་ཉིན་ཨུ་རུ་སི་དཀར་པོའི་བར་གྱི་མཐའ་མཚམས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པའི་མཉམ་འབྲེལ་འགུལ་སྐྱོད་མགོ་བརྩམས་པ་རེད། ཝུའུ་ཁི་ལན་ནང་སྲིད་པུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་མཐའ་སྲུང་ཅུའུ་དང་རྒྱལ་དམངས་ཉེན་སྲུང་རུ་ཁག ཉེན་རྟོག་པ་དང་དྲག་ཆས་དམག་དཔུང་བཅས་མཉམ་དུ་ཐེངས་འདིའི་མཉམ་འབྲེལ་ཁྲིམས་འཛིན་འགུལ་སྐྱོད་ནང་ཞུགས་པ་དང་། མི་བསྡད་མེད་པའི་གནམ་གྲུ་དང་སྒྲིག་ཆས་གཞན་པ་བཀོལ་ནས་འབྱུང་སྲིད་པའི་རྒྱལ་མཚམས་བརྒལ་བའི་བྱ་སྤྱོད་ལ་ལྟ་རྟོག་ནན་མོ་བྱས། དེ་ལས་གཞན་ཁྲིམས་འཛིན་སྡེ་ཁག་གིས་ད་རུང་ཝུའུ་ཁི་ལན་དང་ཨུ་རུ་སི་དཀར་པོའི་མཐའ་མཚམས་ཉེ་འདབས་ཀྱི་རྒྱུ་ལམ་དང་མྱུར་བགྲོད་གཞུང་ལམ། ལྕགས་ལམ། སྤྱི་སྤྱོད་རླངས་འཁོར་ས་ཚིགས། སྡོད་དམངས་འདུས་སྡོད་ཁུལ་བཅས་ཀྱི་སྐོར་གཡེང་བ་དང་བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན་བྱས་ཡོད་ཟེར། 

ཝུའུ་ཁི་ལན་བྱང་ཕྱོགས་ནས་ཨུ་རུ་སི་དཀར་པོ་དང་འདབས་འབྲེལ་བྱས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ཀྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་སྟོང་གཅིག་ཡས་མས་ཡོད་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།