ཕེ་རུའི་བྱང་ཕྱོགས་ས་ཁུལ་དུ་ཚད་རིམ་བདུན་དང་གྲངས་ཆུང་ལྔའི་ས་འགུལ་བྱུང་། 
2021.11.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཕེ་རུའི་བྱང་ཕྱོགས་ཀྱི་ཨེ་ཀྭ་ཏོར་དང་འབྲེལ་བའི་ས་ཁུལ་དུ་ཚེས་ཉེར་བརྒྱད་ཉིན་ཚད་རིམ་བདུན་དང་གྲངས་ཆུང་ལྔའི་ས་འགུལ་བྱུང་སྟེ། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད་ཟེར། 

ཕེ་རུའི་སའི་གོ་ལའི་དངོས་ལུགས་ཞིབ་འཇུག་ཁང་གིས་བསྒྲགས་པ་ལྟར་ན། ས་འགུལ་དེ་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པའི་དུས་ཚོད་ལྔ་དང་སྐར་མ་ང་གཉིས་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་དེ་ཕེ་རུའི་བྱང་ཕྱོགས་ཀྱི་ཡཱ་མཱ་སུང་ཞིང་ཆེན་གྱི་ཧྲིན་མཱ་ལོས་ཡཱ་ཏི་ནེ་ཝ་རྫོང་གི་ཤར་ངོས་ཀྱི་སྤྱི་ལེ་གོ་བརྒྱད་མཚམས་ཡིན་ལ། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་བརྒྱ་དང་སོ་གཅིག་ཡོད་པ་རེད། 

བསྒྲགས་པ་ལྟར་ན། ས་འགུལ་དེ་ལས་ཁང་བ་སྐོར་ཞིག་ལ་ལྡིབས་སྐྱོན་བྱུང་བ་དང་གློག་ཆད་པའི་སྣང་ཚུལ་བྱུང་། ཡཱ་མཱ་སུང་ཞིང་ཆེན་ཉེ་འཁོར་གྱི་ས་ཁུལ་མང་བོར་ས་འགུལ་གྱི་ཚོར་སྣང་དྲག་པོ་བྱུང་བ་དང་། ཕེ་རུའི་རྒྱལ་ས་ལེ་མཱ་དང་ཁྱིམ་མཚེས་རྒྱལ་ཁབ་ཨེ་ཀྭ་ཏོར་དང་ཁོ་ལོམ་པུ་ཡཱ་བཅས་སུའང་ས་འགུལ་གྱི་ཚོར་སྣང་ལྡན། ཕེ་རུའི་མཚོ་དམག་གི་ཆུ་གཞུང་དང་མཚོ་འགྲུལ་ཅུའུ་ཡིས་ས་འགུལ་དེ་ལས་རྒྱ་མཚོ་འཕྱུར་བའི་དོན་རྐྱེན་འབྱུང་མི་སྲིད་པར་བསྟན། ཕེ་ཁུའི་རྒྱལ་ཡོངས་བྲེལ་མྱུར་ལས་དོན་ལྟེ་གནས་ཀྱིས་བཤད་རྒྱུར། མི་སྣར་ཤི་རྨས་བྱུང་བའི་སྙན་ཞུ་ད་རུང་འབྱོར་མེད་པ་དང་། ས་དེས་འཕྲལ་སྒྲུབ་བྱེད་ཐབས་ལག་བསྟར་བྱས་ཡོད་ཟེར། 

དེ་ནི་ཕེ་རུ་ནས་ཉིན་དེར་བྱུང་བའི་ས་འགུལ་ཐེངས་གཉིས་པ་རེད། ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་དང་སྐར་མ་སོ་གཉིས་བར། ཕེ་རུའི་ནུབ་ཕྱོགས་ཀྱི་མཚོ་འགྲམ་ས་ཁུལ་དུ་ཚད་རིམ་ལྔ་དང་གྲངས་ཆུང་གཉིས་ཀྱི་ས་འགུལ་བྱུང་བ་དང་། ས་འགུལ་བྱུང་ས་གཙོ་བོ་དེ་དབུས་ནུབ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཁཱ་ཡཱ་ཨིག་ནུབ་ངོས་ཀྱི་སྤྱི་ལེ་ཞེ་བཞིའི་མཚམས་ཡིན་ལ། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་རེ་ལྔ་ཡོད་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།