དབྱི་སི་རལ་གྱི་མཚོ་དམག་གིས་རྣམ་པ་གསར་བའི་རྒྱང་འཕེན་གྲུ་གཟིངས་ལ་རྒོལ་བའི་འཕུར་མདའི་མ་ལག་གི་ཚོད་ལྟ་ལེགས་འགྲུབ་བྱུང་། 
2022.09.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་མཚོ་དམག་གིས་ཅཱ་པེ་ལེ་ཨང་ལྔ་བ་ཞེས་པའི་རྣམ་པ་གསར་བའི་རྒྱང་འཕེན་གྲུ་གཟིངས་ལ་རྒོལ་བའི་འཕུར་མདའི་མ་ལག་གི་ཚོད་ལྟ་ལེགས་འགྲུབ་བྱུང་།

གསལ་སྒྲོག་ལས་བཤད་རྒྱུར། འཕུར་མདའི་མ་ལག་དེ་ནི་དབྱི་སི་རལ་གྱི་མཚོ་དམག་དང་རྒྱལ་སྲུང་པུའུ་ཡི་ཞིབ་འཇུག་སྡེ་ཁག་དང་དབྱི་སི་རལ་གྱི་མཁའ་འགྲུལ་བཟོ་ལས་ཀུང་ཟིས་མཉམ་དུ་གསར་སྤེལ་བྱས་པ་ཡིན་ལ། ཟླ་བརྒྱད་པར་ཚོད་ལྟ་བྱས། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཁྱབ་བསྒྲགས་བྱས་པའི་བརྙན་རིས་ལྟར་ན། ཅཱ་པེ་ལེ་ཨང་ལྔ་བ་ཞེས་པའི་རྣམ་པ་གསར་བའི་རྒྱང་འཕེན་གྲུ་གཟིངས་ལ་རྒོལ་བའི་འཕུར་མདའ་དེ་སཱ་ཨར་ཨང་དྲུག་པ་རྟགས་ཅན་གྱི་ཉེན་སྲུང་གྲུ་གཟིངས་སྟེང་ནས་གཏོང་འཕེན་བྱས་ཏེ། དམིགས་འབེན་གྱི་གྲུ་གཟིངས་བདེ་བླག་ངང་གཏོར་བཤིག་བཏང་བ་རེད།

གསལ་སྒྲོག་ལས་བཤད་རྒྱུར། ཚོད་ལྟ་ལས་ཅཱ་པེ་ལེ་ཨང་ལྔ་བ་ཞེས་པའི་རྣམ་པ་གསར་བའི་རྒྱང་འཕེན་གྲུ་གཟིངས་ལ་རྒོལ་བའི་འཕུར་མདས་དམིགས་འབེན་མང་བོར་གཏོར་བཤིག་གཏོང་བའི་ཁྱད་འཕགས་ནུས་པ་བདེན་དཔང་བྱས་པ་དང་། འཕུར་མདའི་མ་ལག་དེའི་གསར་སྤེལ་ནི་དབྱི་སི་རལ་གྱི་མཚོ་ཐོག་འགོག་སྲུང་ཁྱབ་ཁོངས་ཀྱི་ལག་རྩལ་གྲུབ་འབྲས་གལ་ཆེན་ཞིག་རེད། ཅཱ་པེ་ལེ་ཨང་ལྔ་བ་ཞེས་པའི་རྣམ་པ་གསར་བའི་རྒྱང་འཕེན་གྲུ་གཟིངས་ལ་རྒོལ་བའི་འཕུར་མདའ་དེ་རྒྱ་མཚོ་དང་བར་སྣང་གི་ཆ་རྐྱེན་སྣ་ཚོགས་འོག་སྤྱི་ལེ་བརྒྱ་ཕྲག་འགར་འཕུར་ནས། ཕན་ནུས་ལྡན་པའི་སྒོ་ནས་དམིགས་འབེན་དང་འཇིགས་ཉེན་མང་བོ་སྔོན་འགོག་དང་གཏོར་བཤིག་གཏོང་ཐུབ། འཕུར་མདའི་མ་ལག་དེས་དབྱི་སི་རལ་གྱི་མཚོ་དམག་གི་ས་ཁོངས་ཁྱད་སྟོབས་དང་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་མཚོ་ཐོག་ཁྱད་སྟོབས་ལ་འགན་སྲུང་བྱས་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།