ཙན་པུ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར། 
2022.09.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཙན་པུ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། སྤྱི་སྤྱོད་རླངས་འཁོར་ཆུང་བ་ཞིག་ཉིན་དེའི་ཞོགས་པར་རྒྱལ་ས་ལུའུ་སཱ་ཁཱ་ནས་དངོས་སྐྱེལ་རླངས་འཁོར་ཞིག་དང་ཐོ་བརྒྱབ་སྟེ། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་དགུར་རྨས་ཕོག་ཡོད་ཟེར། 

ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཧཱ་མིན་ཅཱ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དོན་རྐྱེན་དེ་ལུའུ་སཱ་པཱ་གྲོང་ཁྱེར་ཁུལ་གྱི་ཙན་པུ་ཡཱི་སློབ་ཆེན་གྱི་ཉེ་འདབས་ནས་བྱུང་བ་དང་། སྤྱི་སྤྱོད་རླངས་འཁོར་ཆུང་བ་ཞིག་མྱུར་ཚད་ལས་བརྒལ་ནས་ཁ་ལོ་བྱེད་ཐབས་བྲལ་དང་ཁ་གཏད་ཀྱི་ལམ་དུ་ཤོར་ཏེ་དངོས་སྐྱེལ་རླངས་འཁོར་ཞིག་དང་ཐོ་བརྒྱབ་སྟེ། མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར་བ་རེད། གཞན་ཡང་མི་དགུར་རྨས་ཕོག་ཡོད་ལ། དེའི་ནང་མི་ལྔའི་རྨས་སྐྱོན་ཚབས་ཆེན་རེད་ཟེར། 

དེ་ནི་ཙན་པུ་ཡཱ་ནས་གཟའ་འཁོར་འདིའི་ནང་བྱུང་བའི་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཐེངས་གཉིས་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།