སུའེ་ཏེན་གྱིས་ཐུར་ཁེའི་མཚོན་ཆའི་ཕྱིར་གཏོང་སླར་གསོ་བྱས། 
2022.10.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

སུའེ་ཏེན་གྱི་འཐབ་ཇུས་ཐོན་རྫས་ལྟ་ཞིབ་ཅུའུ་ཡིས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་ཁྱབ་བསྒྲགས་བྱས་དོན། སུའེ་ཏེན་དང་ཐུར་ཁེ་ཡིས་བྱང་ཆིངས་རྩ་འཛུགས་ཀྱི་གྲོས་མོལ་ཁྲོད་བཀོད་པའི་གྲོས་མཐུན་གྱི་ཁག་ཅིག་ཡིན་པའི་ཆ་ནས། ད་ལྟ་ཐུར་ཁེ་ལ་མཚོན་ཆ་ཕྱིར་གཏོང་བྱེད་པ་སླར་གསོ་བྱེད་པར་ཆོག་མཆན་བཀོད་པ་ཡིན་ཟེར། 

སུའེ་ཏེན་གྱི་འཐབ་ཇུས་ཐོན་རྫས་ལྟ་ཞིབ་ཅུའུ་ཡིས་ཉིན་དེར་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཕྱིར་གཏོང་ཆོག་མཆན་དེ་མཚོན་ཆའི་ཕྱིར་གཏོང་བཅའ་ཁྲིམས་ཀྱི་ཤུགས་རྐྱེན་ཐེབས་པའི་ཐོན་རྫས་ཚང་མར་འོས་འཚམ་ཡིན་པ་དང་། དེའི་ནང་གློག་རྡུལ་སྒྲིག་ཆས་དང་མཉེན་ཆས། ལག་རྩལ་གྱི་རྒྱབ་སྐྱོར་བཅས་འདུས། ཚོང་ལས་ཀྱི་གསང་བ་དང་ཕྱི་ཕྱོགས་གསང་རྒྱ་ལ་གཞིགས་ཏེ། ཅུའུ་དེས་ཆོག་མཆན་ཡི་གེ་དེ་དང་འབྲེལ་བའི་སུའེ་ཏེན་རྒྱལ་གྱི་སྲུང་བཟོ་ལས་ཀུང་ཟི་དང་བྱེ་བྲག་གི་ཐོན་རྫས་ཁྱབ་བསྒྲགས་བྱས་མེད། 

སྤྱི་སྒྲོག་ལས་བཤད་རྒྱུར། ཆོག་མཆན་ཡི་གེ་དེས་རྒྱལ་སྲུང་དང་བདེ་འཇགས་སྲིད་ཇུས་ཀྱི་ཁོར་ཡུག་གི་འགྱུར་ལྡོག་ལ་བསམ་བློ་བཏང་སྟེ་ཕྱོགས་ཡོངས་ནས་དཔྱད་འཇོག་བྱས་རྗེས་སྤེལ་བ་ཡིན། སུའེ་ཏེན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་རེ་ཞུ་ལས་ཐུར་ཁེ་འདུས་པའི་ཁོངས་གཏོགས་རྒྱལ་ཁབ་གཞན་པར་དམག་དོན་སྒྲིག་ཆས་ཕྱིར་གཏོང་བྱེད་ཆོག་པའི་རྒྱལ་སྲུང་དང་བདེ་འཇགས་སྲིད་ཇུས་ཀྱི་རྒྱུ་མཚན་ལ་ཤུགས་སྣོན་བྱས་ཡོད་ཟེར། 

ཐུར་ཁེ་ཡིས་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་ཞེས་པར་དམག་དོན་འགུལ་སྐྱོད་སྤེལ་བའི་དབང་གིས་སེའུ་ཏེན་གྱིས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་བར་ཐུར་ཁེ་ལ་མཚོན་ཆ་ཕྱིར་གཏོང་བྱེད་མཚམས་བཞག་པ་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།