ཡོ་རོབ་གླིང་མནའ་འབྲེལ་གྱི་ནུས་ཁུངས་པུའུ་ཀྲང་གིས་རང་བྱུང་སོལ་རླངས་ཀྱི་རིན་གོང་ཚད་མཐའ་གཏན་འཁེལ་བྱེད་པའི་ཐད་ནས་གྲོས་མཐུན་འགོད་ཐུབ་མེད། 
2022.10.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

ཡོ་རོབ་གླིང་མནའ་འབྲེལ་གྱི་ནུས་ཁུངས་པུའུ་ཀྲང་གི་དམིགས་བསལ་གྲོས་ཚོགས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་པུ་ལི་ཧྲིའི་པུའུ་ལུའུ་སེར་ནས་སྤེལ། ནུས་ཁུངས་ཀྱི་རིན་གོང་ཇེ་དམའ་རུ་གཏོང་བའི་ཐེ་གཏོགས་བྱེད་ཐབས་ཐད་ནས་ཆབ་སྲིད་གྲོས་མཐུན་བཀོད་ཀྱང་། རང་བྱུང་སོལ་རླངས་ཀྱི་རིན་གོང་ཚད་མཐའ་གཏན་འཁེལ་བྱེད་པའི་ཐད་གྲོས་འཆམ་བྱུང་མེད། 

ནུས་ཁུངས་ལས་དོན་གྱི་འགན་ཁུར་བའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཨུ་ཡོན་ཁཱ་ཏི་ལེ་ཞི་མུའུ་སུང་གིས་ཚོགས་འདུ་གྲོལ་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁོངས་གཏོགས་རྒྱལ་ཁབ་སྐོར་ཞིག་གིས་བལྟས་ན་གཤེར་གཟུགས་རང་བྱུང་སོལ་རླངས་དང་བཅས་པའི་ཨུ་རུ་སིའི་རང་བྱུང་སོལ་རླངས་ཀྱི་ཕྱིར་གཏོང་ལ་རིན་གོང་ཚད་མཐའ་གཏན་འཁེལ་བྱེད་པའི་གྲོས་གཞི་ནི་བཀག་སྡོམ་རིགས་ཤིག་ཡིན་པར་འདོད་པས། ཐེངས་འདིའི་གྲོས་ཚོགས་ནས་དོན་དེར་གྲོས་འཆམ་བྱུང་མེད། ཧྥ་རན་སི་དང་དབྱི་ཐཱ་ལེ། ཕོ་ལན་སོགས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅོ་ལྔ་ཡིས་བཏོན་པའི་རང་བྱུང་སོལ་རླངས་ཀྱི་རིན་གོང་ཚད་མཐའ་གཏན་འཁེལ་བྱེད་པའི་གྲོས་གཞི་དེར་ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་དུའང་འགལ་བ་གནས་ཡོད་ཟེར། 

ངོ་རྒོལ་བསམ་འཆར་བཏོན་པའི་འཇར་མན་དང་ཏན་མག ཨོ་སི་ཁྲུ་རི་ཡཱ། ཧི་ལན་བཅས་རྒྱལ་ཁབ་ཀྱིས་བལྟས་ན། གལ་ཏེ་རིན་གོང་འགྲན་རྩོད་དྲག་པའི་འཛམ་གླིང་ཡོངས་ཀྱི་ཚོང་རའི་སྟེང་ཚོང་བ་གཞན་པའི་བར་འགྲན་རྩོད་བྱེད་ཐབས་མེད་ཚེ། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་རང་བྱུང་སོལ་རླངས་ཉོ་སྡུད་བྱེད་དཀའ་བ་དང་། ནུས་ཁུངས་ཀྱི་མཁོ་འདོན་བདེ་འཇགས་ལ་གནོད་པ་ཐེབས་སྲིད་པར་འདོད། 

ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་གྱི་ནུས་ཁུངས་པུའུ་ཀྲང་གིས་ནུས་ཁུངས་རིན་གོང་ཇེ་དམའ་རུ་གཏོང་བའི་ཐེ་གཏོགས་བྱེད་ཐབས་ཐད་ནས་ཆབ་སྲིད་གྲོས་མཐུན་བཀོད་པ་དང་། མ་འོངས་པའི་ཉིན་འགའི་ནང་ཡིག་ཡིག་ཐོག་གི་ལས་རིམ་གྱིས་དངོས་སུ་གྲོས་མཐུན་འགོད་རྒྱུ་རེད། གྲོས་མཐུན་ལྟར་ན། ཁོངས་གཏོགས་རྒྱལ་ཁབ་དག་གིས་དུས་སྐབས་གཙོ་བོའི་གློག་བཀོལ་དང་སྤྱིའི་གློག་བཀོལ་དགོས་མཁོ་ཇེ་ཉུང་དུ་གཏོང་བར་ཡིད་འཐད་བྱུང་ཡོད་པ་དང་། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་དང་ཉིང་རྡུལ་ནུས་པ། རྡོ་སོལ་བཅས་འདུས་པའི་མ་རྩ་དམའ་བའི་གློག་འདོན་ཀུང་ཟིའི་ཡོང་འབབ་ཐད་ཚད་མཐའ་གཏན་འཁེལ་བྱེད་པ། རྡོ་སྣུམ་དང་རང་བྱུང་སོལ་རླངས། རྡོ་སོལ། རྡོ་སྣུམ་བཙོ་སྦྱང་བཅས་སྡེ་ཁག་ནས་བྱུང་བའི་ཚད་བརྒལ་ཁེ་སྤོགས་ལ་དཔྱ་ཁྲལ་བསྡུ་རྒྱུ་རེད། ཁོངས་གཏོགས་རྒྱལ་ཁབ་དག་གིས་གནས་སྐབས་སུ་ཁེ་ལས་ཆུང་འབྲིང་ལ་གློག་ཤུགས་མཁོ་འདོན་རིན་གོང་གཏན་འབེབས་བྱས་ཏེ། ནུས་ཁུངས་ཀྱི་རིན་གོང་མཐོ་བའི་དཀའ་སྡུག་ཁྲོད་ལུས་པའི་ཁེ་ལས་ཆུང་འབྲིང་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད། 

གྲོས་ཚོགས་གྲོལ་རྗེས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལས་བསྟན་དོན། བྲེལ་མྱུར་གྱི་ཐེ་གཏོགས་བྱེད་ཐབས་དེ་དག་ནི་གནས་སྐབས་རང་བཞིན་གྱི་དམིགས་བསལ་བྱེད་ཐབས་ཡིན་ལ། ནུས་ལྡན་ཡུན་ཚད་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་ཚེས་ཉེར་གསུམ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་ཡིན། དེའི་ནང་ནུས་གྲོན་ཇེ་ཉུང་དུ་གཏོང་བའི་དམིགས་འབེན་དེ་ཉིས་སྟོང་ཉེར་གསུམ་ལོའི་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་བར་ལག་བསྟར་བྱེད་རྒྱུ་ཡིན་ལ། ཚོང་རའི་ཡོང་འབབ་ཀྱི་བཙན་ཤེད་རང་བཞིན་གྱི་ཚད་མཐའི་གཏན་འཁེལ་དེ་ཉིས་སྟོང་ཉེར་གསུམ་ལོའི་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་བར་ལག་བསྟར་བྱེད་རྒྱུ་ཡིན་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།