ཕྱི་རྒྱལ་དུ་སྡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་གསུམ་འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ།
2022.10.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཕྱི་རྒྱལ་དུ་སྡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་དང་གཞུང་ཚབ་ཚོགས་པས་ཉེ་སྔོན་བྱ་འགུལ་སྣ་ཚོགས་སྤེལ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་གསུམ་འཁོར་བར་རྟེན་འབྲེལ་ཞུས། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་དང་རྒྱལ་ཁབ་ཀྱི་དཔོན་རིགས་མང་བོ། ལས་རིགས་སོ་སོའི་མི་སྣ་བཅས་བྱ་འགུལ་ལ་ཞུགས་པ་དང་ཡང་ན་ཐབས་ལམ་གཞན་པ་བརྒྱུད་དེ་ཀྲུང་གོའི་རྒྱལ་སྟོན་ལ་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོས་འདས་པའི་ལོ་བཅུའི་རིང་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གཟེངས་བསྟོད་བྱས་པར་མ་ཟད། ཁྱབ་ཁོངས་སོ་སོ་ནས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ལ། ཀྲུང་གོས་མུ་མཐུད་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ནུས་པ་གལ་ཆེན་བཏོན་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན།

སྐབས་དོན་བདུན་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཁི་ལེ་ཞི་ཡིས་ཤིས་ཚིག་འབུལ་སྐབས་ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ལོ་རྒྱུས་རིང་པོ་ལྡན་པའི་གནའ་བོའི་ཤེས་རིག་གི་རྒྱལ་ཁབ་ཅིག་དང་། མཉམ་འབྲེལ་རྒྱལ་ཚོགས་གསར་འཛུགས་བྱེད་པའི་ཁོངས་གཏོགས་རྒྱལ་ཁབ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ཁུར་ལས་འཛིན་རྒྱལ་ཁབ་བཅས་བཅས་ཡིན་པའི་ཆ་ནས། ཀྲུང་གོ་ནི་དུས་ནམ་ཡང་མཉམ་འབྲེལ་རྒྱལ་ཚོགས་ལས་དོན་གྱི་རྒྱབ་རྩ་བརྟན་པོ་ཡིན་པ་དང་། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་ཞི་བདེ་སྲུང་སྐྱོབ་བྱེད་པ་སོགས་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོས་བཏོན་པའི་འཛམ་གླིང་ཡོངས་འཕེལ་རྒྱས་གཏོང་བའི་གྲོས་གཞི་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་སྲིང་འཕེལ་རྒྱས་གྲོས་རིམ་མྱུར་དུ་དོན་འཁྱོལ་བྱེད་པར་ཕན་པ་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལཱ་ཐི་ལེ་ཡིས་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡི་ཚབ་བྱས་ཏེ་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ལས་དོན་གྱི་རྐང་འཛིན་གལ་ཆེན་དང་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་སྟོབས་ཤུགས་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་གོ་གནས་དང་ནུས་པར་ཧ་ཅང་མཐོང་ཆེན་བྱེད་བཞིན་པ་དང་། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐད་དུ་བྱས་རྗེས་ཧ་ཅང་ཆེན་པོ་བཞག་པར་གཟེངས་བསྟོད་བྱེད་བཞིན་ཡོད། ཀྲུང་གོས་མུ་མཐུད་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་པ་སྔར་ལས་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་དམ་པོས་འཛམ་གླིང་གི་འགྲན་སློང་ལ་ཁ་གཏད་འཇལ་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཧྥེ་ལི་པེན་གྱི་ཙུང་ཐུང་གཞོན་པ་ཧྲ་ལ་ཏུའུ་ཐི་ཨར་ཐི་ཡིས་ཤིས་ཚིག་འབུལ་སྐབས་རྒྱ་སྐད་ཀྱི་ལམ་ནས་ཀྲུང་གོ་མི་དམངས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ཏེ་ལོ་དོན་གསུམ་འཁོར་བར་རྟེན་འབྲེལ་ཞུས། ཁོ་མོས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཏུ། ཀྲུང་གོ་འཛམ་གླིང་ཡོངས་ཀྱིས་ཡོངས་ཁྱབ་ཏུ་ཁས་ལེན་པའི་དཔལ་འབྱོར་གཙོ་གཞི་དང་དེང་རབས་ཞིབ་འཇུག་གསར་སྤེལ་ལྟེ་གནས། ལག་རྩལ་ཡར་ཐོན་ལྟེ་གནས་དང་གསར་བཟོའི་ལས་རིགས་ལྟེ་གནས་བཅས་ཡིན། ཀྲུང་གོའི་བྱས་རྗེས་ལ་བརྟེན་ནས། ཨེ་ཤ་ཡ་གླིང་ནི་འཛམ་གླིང་སྟེང་དཔལ་འབྱོར་འཕར་ཚད་ཆེས་མགྱོགས་པའི་ས་ཁུལ་དུ་གྱུར་ཡོད། ཧྥེ་ལི་པེན་གྱིས་ཀྲུང་གོའི་བར་དུ་མཉམ་ལས་སྔར་ལས་མང་བོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་རྒྱུན་སྲིང་འཕེལ་རྒྱས་ཀྱི་དམིགས་འབེན་མཉམ་དུ་མངོན་འགྱུར་བྱེད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།

པོ་ཧེའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཐི་ཀའེ་ཨར་ཏིས་ཡ་ཡིས་བརྙན་ལམ་ནས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོ་མི་དམངས་ཀྱི་འབད་བརྩོན་འོག་ཏུ། ཀྲུང་གོ་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་དུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད་ལ། ཁྱབ་ཁོངས་སོ་སོར་གྲུབ་འབྲས་ཁྱད་དུ་འཕགས་པ་ཐོབ་ཡོད། པོ་ཧེ་ཡིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་འབྲེལ་བར་རྒྱུན་ཆད་མེད་པར་ཤུགས་བསྣན་ནས། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཟེར།

ཀི་ལུའུ་ཅི་ཡའི་གྲོས་དཔོན་ཕ་ཕུའུ་ཨ་ཧྲི་ཝེ་ལེ་ཡིས་ཀྲུང་གོའི་ལོ་བཅུའི་རིང་གི་གྲུབ་འབྲས་ལ་གཟེངས་བསྟོད་ཆེན་པོ་བྱས་པ་དང་། ཀི་ལུའུ་ཅི་ཡ་དང་ཀྲུང་གོའི་འབྲེལ་བར་གདེང་འཇོག་མཐོན་པོ་བྱས། ཁོས་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཀྱི་ཡིད་ཆེས་སྔར་ལས་ཇེ་ཆེར་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་བླངས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བཤད།