ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་མིས་རྒྱལ་ཁབ་སོ་སོས་ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.04.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་མི་ཀྲང་ཅུན་གྱིས་ཚེས་ཉེར་བཞི་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཁྲིམས་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པའི་ཡོངས་བསྒྲགས་རྩོད་གླེང་ཚོགས་འདུའི་སྟེང་གཏམ་བཤད་དེ། རྒྱལ་ཁབ་སོ་སོས་ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀྲང་ཅུན་གྱིས་བཤད་རྒྱུར། འཛམ་གླིང་ལོ་རྒྱུས་ཀྱི་བཞི་མདོ་ཞིག་ཏུ་ལངས་ཡོད། མིའི་རིགས་ཀྱི་སྤྱི་ཚོགས་ལ་སྔ་ན་མེད་པའི་འཛམ་གླིང་རང་བཞིན་གྱི་ཚོད་བགམ་ཐེབས་བཞིན་པ་དང་། བཙན་དབང་དང་བརྙས་བཅོས་ཀྱི་བྱ་སྤྱོད་ལས་འཛམ་གླིང་ལ་གནོད་ཆེན་པོ་སྐྱེལ་བཞིན་ཡོད་ལ། ཚོགས་ཁག་ཆབ་སྲིད་ཀྱིས་ཁ་ཕྲལ་དང་འགོག་རྒོལ་གྱི་སྣང་ཚུལ་བཟོ་བཞིན་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཁྲིམས་ལ་སྲུང་སྐྱོབ་བྱེད་པའི་དགོས་གཏུག་རང་བཞིན་དང་གལ་ཆེན་རང་བཞིན་སྔར་ལས་ཇེ་ཆེར་སོང་ཡོད། དེང་སྐབས་ཆེས་གལ་ཆེ་བ་ནི་རྒྱལ་ཁབ་སོ་སོས་ངེས་པ་དོན་གྱི་ཕྱོགས་རིང་ལུགས་ལག་བསྟར་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དར་ཆའི་འོག་ཏུ་མཐུན་སྒྲིལ་ལ་ཤུགས་བསྣན་ཞིང་། འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་མ་ལག་གི་ཕན་ནུས་རང་བཞིན་མཐོར་འདེགས་སུ་བཏང་སྟེ། ཐུན་མོང་གི་བདེ་འཇགས་མངོན་འགྱུར་དང་། ཐུན་མོང་གི་འཕེལ་རྒྱས་ལ་ཡར་སྐུལ། ཐུན་མོང་གི་མ་འོངས་གསར་གཏོད་བཅས་བྱེད་རྒྱུ་དེ་ཡིན། གཅིག ངེས་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཁྲིམས་ཀྱི་དབང་གྲངས་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་དགོས། གཉིས། ངེས་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ཁྲིམས་ལ་བློ་བརྟན་འགྱུར་མེད་སྒོས་སྲུང་སྐྱོབ་བྱེད་དགོས། གསུམ། ངེས་པར་དུ་རྒྱལ་ཁབ་སོ་སོ་འདྲ་མཉམ་སྒོས་རྒྱལ་སྤྱིའི་ལས་དོན་ཁྲོད་ཞུགས་པར་འགན་སྲུང་བྱེད་དགོས། བཞི། ངེས་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་ཕྱོགས་གཅིག་པུའི་བཀག་སྡོམ་ལ་བཀག་འགོག་བྱེད་དགོས་ཟེར།

ཀྲང་ཅུན་གྱིས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ཁུར་ལས་འཛིན་རྒྱལ་ཁབ་དང་འགན་ཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། ཀྲུང་གོས་ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཁྲིམས་ཀྱི་དམིགས་བྱ་དང་རྩ་དོན་བརྩི་སྲུང་བྱེད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་བརྩི་སྲུང་བྱེད་པའི་ཐད་ནས་ཀྲུང་གོའི་རྣམ་འགྱུར་ཆེས་བཟང་བོ་ཡིན། ཀྲུང་གོས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་བསམ་ཚུལ་དེས་དེང་སྐབས་འཛམ་གླིང་གི་ཚོད་བགམ་དང་དཀའ་གནད་ཆེན་པོ་ཐག་གཅོད་པའི་རྩ་བའི་ཁ་ཕྱོགས་མཚོན་ཡོད་ལ། ཀྲུང་གོས་སྟོབས་ཤུགས་ཡོད་རྒུས་འཛམ་གླིང་ཧྲིལ་བོ་འཕེལ་རྒྱས་ཀྱི་གྲོས་འགོ་ལག་བསྟར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བར་ཕྱོགས་ཡོངས་ནས་ཞུགས་པ་བཅས་བྱས་ཏེ། རྒྱལ་སྤྱིའི་མཐུན་སྒྲིལ་མཉམ་ལས་ལ་ཡར་སྐུལ་བྱེད་པ་དང་། ཚོད་བགམ་ལ་མཉམ་དུ་ཁ་གཏད་འཇལ་བ། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།