པོ་ཧེ་རང་ཚུགས་སྤྱི་ཚོགས་དམངས་གཙོ་མི་སྣའི་མནའ་འབྲེལ་གྱིས་གདན་དྲངས་པ་ལྟར། ཀྲུང་གོ་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་གཞོན་པ་ཆན་ཧུང་ཧྲན་གྱིས་ཁྲིད་པའི་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་ཚབ་ཚོགས་པས་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་པོ་ཧེ་ལ་འཚམས་འདྲི་བྱས་པ་དང་། རང་ཚུགས་སྤྱི་ཚོགས་དམངས་གཙོ་མི་སྣའི་མནའ་འབྲེལ་དང་དམངས་གཙོ་འགུལ་སྐྱོད་ཏང་། ཁི་ལོ་ཏེ་ཡ་རིགས་ཀྱི་དམངས་གཙོ་ཐུན་མོང་ཚོགས་པ་སོགས་ཀྱི་སྲིད་ཏང་མགོ་ཁྲིད་པ་གཙོ་བོར་ཐུག་འཕྲད་བྱས་པར་མ་ཟད། པོ་ཧེའི་ལས་རིགས་སོ་སོར་ཁ་ཕྱོགས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་ཆེད་དོན་སྒྲོག་འགྲེམ་ཚོགས་འདུ་བསྡུས།
པོ་ཧེ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དོན་སྙིང་གལ་ཆེན་ལ་གདེང་འཇོག་ཆེན་པོ་གནང་བར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་བརྗེ་རེས་ལ་ཤུགས་སྣོན་པ་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཅེས་བསྟན།
བཀྲ་ཤིས་འབུམ་གྱིས་བསྒྱུར།