ཞིན་ཧྭ་གསར་འགྱུར་ཁང་གི་ཕྱི་སྡོད་གསར་འགོད་པས་སྤེལ་བའི་གསར་འགྱུར་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་ཉེར་བཞི་ཉིན་ཉིག་ཡའོ་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་ལས་ཁུངས་སུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ལ་མགོ་འཛིན་བྱེད་བཞིན་པའི་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལོ་ཧྥུའུ་ལ་ཐུག་འཕྲད་བྱས། ཕྱོགས་གིས་ཀྱིས་མཚོ་ནག་གྲུ་ཁ་ནས་ཞིང་ལས་ཐོན་རྫས་ཕྱིར་འདྲེན་པའི་གྲོས་ཆོད་སོགས་གནད་དོན་སྐོར་ནས་གྲོས་སྡུར་བྱས་པ་དང་། ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་པུའུ་ཏ་ནོ་ཧྥུའུ་ཡིས་ཚེས་ཉེར་བཞི་ཉིན་ཝུའུ་ཁི་ལན་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་བཟུང་དམག་ཡོད་ཚད་ཕྱིར་གཏོང་བའི་ཐད་ནས་གྲོས་མོལ་བྱེད་བཞིན་ཡོད་ཅེས་བསྒྲགས་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་ཀུའུ་ཐི་ལེ་སི་ཡིས་ལཱ་ཧྥུའུ་ལོ་ཧྥུའུ་ལ་ཐུག་འཕྲད་བྱས་པའི་གནས་ཚུལ་སྐོར་ནས་བཤད་རྒྱུར། ཀུའུ་ཐི་ལེ་སི་ཡིས་ཨུ་རུ་སིས་རང་གི་ཞིང་ལས་ཐོན་རྫས་དང་ལུས་རྫས་ཕྱིར་གཏོང་བརྗེད་ཐོ་དོན་འཁྱོལ་གྱི་གནས་ཚུལ་ལ་སེམས་ཁྲལ་བྱེད་བཞིན་པ་ཤེས་ནས། ལཱ་ཧྥུའུ་ལོ་ཧྥུའུ་ལ་མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱི་དེའི་ཐད་བསྒྲུབས་པའི་བྱ་བ་མཚམས་སྦྱོར་བྱས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་ད་དུང་ཐག་བཅད་མེད་པའི་གནད་དོན་སེལ་བར་མུ་མཐུད་འབད་བརྩོན་བྱེད་རྒྱུ་ཡིན་པ་བསྐྱར་བསྒྲགས་བྱས་ཟེར།
ཐ་སི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་ཉེར་ལྔ་ཉིན་ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུའུ་ཡིས་དུས་ཚོད་དེ་འདྲའི་རིང་བོ་འགོར་ནའང་། མཚོ་ནག་འབྲུ་རིགས་གྲོས་ཆོད་ཀྱི་ནང་དོན་ད་དུང་ཡོངས་སུ་དོན་འཁྱོལ་བྱེད་ཐུབ་མེད་ལ། ཨུ་རུ་སི་ཕྱོགས་ཀྱིས་བཏོན་པའི་ཆ་རྐྱེན་ཡང་ད་དུང་དོན་འཁྱོལ་བྱས་མེད་པས། དེང་སྐབས་ཀྱི་གནས་ཚུལ་འདི་གྲོས་ཆོད་ལག་བསྟར་བྱེད་ཡུན་ཇེ་རིང་དུ་གཏོང་བར་མི་ཕན་ལ། ཨུ་རུ་སི་ཕྱོགས་ཀྱིས་གནས་ཚུལ་གྱི་འཕེལ་རིམ་ལ་མུ་མཐུད་དུ་བལྟ་རྒྱུ་ཡིན་ཞེས་བཤད་ཟེར།
ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་པུའུ་ཏ་ནོ་ཧྥུའུ་ཡིས་ཝུའུ་ཁི་ལན་གྱི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཝུའུ་ཁི་ལན་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་བཟུང་དམག་ཡོད་ཚད་ཕྱིར་གཏོང་བའི་ཐད་ནས་གྲོས་མོལ་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀ་རྩ་དོན་སྟེང་གྲོས་མཐུན་འབྱུང་ལ་ཉེ་ཟེར། ཁོས་བཤད་རྒྱུར། དམག་འཁྲུག་བྱུང་རྗེས། ཨུ་རུ་སི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་མི་སྟོང་གཉིས་དང་ཉིས་བརྒྱ་ཕྱིར་བཏང་ཟིན་ཟེར།
གཞན་ཡང་ཝུའུ་ཁི་ལན་རྒྱལ་ཁབ་གསར་འགྱུར་ཁང་གིས་ཚེས་ཉེར་བཞི་ཉིན་སི་ཏི་ཁོར་མོ་རྒྱལ་སྤྱིའི་ཞི་བདེ་ཞིབ་འཇུག་ཁང་གི་སྙན་ཞུ་ཞིག་གི་ནང་དོན་བརྒྱུད་འགོད་བྱས་པ་ལྟར་ན། དམག་འཁྲུག་ལ་ཤུགས་རྐྱེན་ཐེབས་པས། ཉིས་སྟོང་ཉེར་གཉིས་ལོར་ཝུའུ་ཁི་ལན་གྱི་དམག་དོན་འགྲོ་སོང་ཨ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་བཞི་ལ་སླེབས་པ་དང་། དེ་དུས་མཉམ་ལས་བརྒྱ་ཆའི་དྲུག་བརྒྱ་དང་བཞི་བཅུ་འཕར་ཡོད་ཟེར།
ད་ལྟའི་ཨུ་རུ་སི་ཞེས་པའི་གསར་འགྱུར་ཁང་གིས་ཚེས་ཉེར་ལྔ་ཉིན་ཨུ་རུ་སིའི་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མེ་ཏི་ཝེ་ཅེ་ཧྥུའུ་ཡི་སྐད་ཆ་དྲངས་པ་ལྟར་ན། དོན་དངོས་ལས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སི་ལ་དྲང་གཞག་མིན་པའི་བྱེད་ཐབས་སྤྱོད་བཞིན་པར་མ་ཟད། ཨུ་རུ་སིའི་བར་དུ་འདྲ་མཉམ་གྱི་གྲོགས་པོའི་འབྲེལ་བ་འཛུགས་རྩིས་མེད་པ་བདེན་དཔང་བྱས་ཡོད། ཨུ་རུ་སི་ཕྱོགས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སིའི་བདེ་འཇགས་རེ་འདོད་ལ་ཉན་རྒྱུའི་རེ་བ་ཡང་དང་བསྐྱར་དུ་བཏོན་ནའང་། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་སྣང་མེད་དུ་བཞག་སྟེ་ཨུ་རུ་སི་ཉམས་ཞན་དུ་གཏོང་རྒྱུས་བྱས་པར་མ་ཟད། དམག་དོན་རྟེན་གཞི་སྔར་ལས་མང་བོ་བཀོལ་ནས་ཨུ་རུ་སིའི་མཐའ་སྐོར་བཞིན་ཡོད་ཟེར།