ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་གཞོན་པ་ཀུན་ཧྲོང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཧེ་ཏི་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་དེ་ཧེ་ཏིའི་ཛ་དྲག་གི་ཆབ་སྲིད་གནས་བབ་མྱུར་དུ་མཇུག་སྒྲིལ་དགོས་པའི་འབོད་སྐུལ་བཏང་། ཀུན་ཧྲོང་གིས་བཤད་རྒྱུར། མིག་སྔར། ཧེ་ཏི་རུ་སྔར་བཞིན་ཆབ་སྲིད་དང་བདེ་འཇགས། འཕེལ་རྒྱས། མི་ཆོས་སོགས་ཐད་ཀྱི་ཉེན་ཁ་གནས་ཡོད་པ་དང་། ཧེ་ཏི་མི་དམངས་ཀྱིས་སྔར་བཞིན་སྡུག་བསྔལ་གྱི་ཁྲོད་དུ་འཚོ་བ་སྐྱེལ་བཞིན་ཡོད། ཆབ་སྲིད་ཀྱི་ཛ་དྲག་གི་རྣམ་པ་མཇུག་སྒྲིལ་བར་བྱེད་རྒྱུ་ནི་ཧེ་ཏིའི་ས་ཁུལ་སོ་སོའི་ལས་འགན་གཙོ་བོ་ཡིན། ཧེ་ཏིའི་གནས་སྐབས་ཀྱི་དབང་འཛིན་ལས་ཁུངས་དང་ཏང་ཁག་སོ་སོས་ཧེ་ཏི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་དམིགས་ཏེ་གྲོས་མོལ་ལྷག་བསམ་དང་འགན་འཁྲིའི་ཁག་ཁུར་མངོན་པར་བྱས་ཏེ་སྔ་མོ་ནས་རང་དབང་དང་འདྲ་མཉམ། མངོན་གསལ། ཡིད་རྟོན་རུང་བའི་འདེམ་བསྐོའི་ཆ་རྐྱེན་བསྐྲུན་དགོས་ཟེར།
ཀུན་ཧྲོང་གིས་བཤད་རྒྱུར། ཉིན་རེ་ནས་ཉིན་རེར་ཇེ་སྡུག་ཏུ་འགྲོ་བཞིན་པའི་ནག་ཚོགས་སྟོབས་ཤུགས་དང་ཁྲིམས་འགལ་བྱ་འགུལ་བཀག་འགོག་བྱེད་པ་ནི་ཧེ་ཏི་ས་ཁུལ་གྱི་བདེ་འཇགས་ལེགས་བཅོས་བྱེད་པའི་གནད་འགག་ཡིན་ཟེར།
ཀུན་ཧྲོང་གིས་བཤད་རྒྱུར། ཧེ་ཏེའི་དཔལ་འབྱོར་མར་འགྲིབ་སྟེ་མི་གྲངས་ཕྱེད་ཀ་ཙམ་འབྲུ་རིགས་བདེ་འཇགས་ཀྱི་ཉེན་ཁར་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧེ་ཏིའི་མི་དམངས་འཕྲད་པའི་ཛ་དྲག་གི་མི་ཆོས་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་མཉམ་ལས་སྒྲོམ་གཞི་སོགས་བྱེད་ཐབས་གཏན་འབེབས་བྱས་ཏེ་མུ་མཐུད་དུ་ཧེ་ཏི་ལ་རྒྱབ་སྐྱོར་བྱེད་པ་དང་། ལྷག་པར་དུ་བུད་མེད་དང་བྱིས་པ། གནས་སྤོར་སྡོད་དམངས་སོགས་ཉམས་ཞན་ཚོགས་སྤྱིའི་རོགས་སྐྱོར་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་རྒྱལ་ཁབ་དང་ཁུལ་ཁོངས་རྩ་འཛུགས་ཀྱིས་བྱེད་ནུས་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་བར་མཉམ་ཤུགས་གྲུབ་པར་བྱས་ནས་ཧེ་ཏིའི་མི་ཆོས་གནས་བབ་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་བྱེད་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཧེ་ཏི་མི་དམངས་ཀྱིས་མིག་སྔའི་དཀའ་སྡུག་གི་གནས་བབ་ཐག་གཅོད་པའི་ནུས་ལྡན་ཇུས་གཞི་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།