པ་ཞིའི་ཙུང་ཐུང་གིས་སི་ཕེན་ལ་འཚམས་འདྲི་བྱེད་སྐབས་ཕྱོགས་མང་མཉམ་ལས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉེན་ཚབས་ཐག་གཅོད་དགོས་པའི་འབོད་སྐུལ་བཏང་།
2023.04.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

སི་ཕེན་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་བཞིན་པའི་པ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་ཚེས་ཉེར་དྲུག་ཉིན་མཱ་ཏི་ལེ་ནས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སི་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་ཕྱོགས་མང་མཉམ་ལས་བརྒྱུད་དེ་ཝུའུ་ཁི་ལན་གྱི་ཉེན་ཚབས་ཐག་གཅོད་པར་ཞིབ་སྡུར་བྱས་པ་དང་། འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ལ་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ལུའུ་ལཱ་ཡིས་ཐུག་འཕྲད་བྱེད་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་དམག་འཁྲུག་མཚམས་འཇོག་རྒྱུར་འདུམ་སྒྲིག་བྱེད་པ་དང་། གྲོས་མོལ་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉེན་ཚབས་ཐག་གཅོད་པ། རྒྱལ་ཁབ་སྔར་ལས་མང་བོ་ཞི་བདེའི་འཕེལ་རིམ་དེར་སྐུལ་འདེད་གཏོང་བའི་ཁྲོད་ཞུགས་པ་བཅས་ཀྱི་འབོད་སྐུལ་བཏང་། སང་ཆེ་སི་ཡིས་ཞི་བདེ་ནི་ཐུན་མོང་གི་འཚོལ་སྙེག་ཡིན་ཞེས་བཤད།

ཕྱོགས་གཉིས་ཀྱིས་ད་དུང་ཡོ་རོབ་གླིང་མནའ་འབྲེལ་དང་ལཱ་ཏེན་མེ་གླིང་བར་གྱི་འབྲེལ་བའི་སྐོར་ནས་གྲོས་མོལ་བྱས། སང་ཆེ་སི་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་ལཱ་ཏེན་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པའི་རྩེ་ཚོགས་དེ་ད་ལོའི་ཟླ་བདུན་པར་བསྡུ་རྒྱུ་ཡིན་ལ། སྐབས་དེར་སི་ཕེན་དང་པ་ཞི་རྒྱལ་ཁབ་ཀྱིས་སོ་སོར་ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་དང་ལྷོ་ཕྱོགས་ཐུན་མོང་ཁྲོམ་རའི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་ཡིན་ལ། སི་ཕེན་གྱིས་ཡོ་རོབ་གླིང་མནའ་འབྲེལ་དང་ལྷོ་ཕྱོགས་ཐུན་མོང་ཁྲོམ་རའི་གྲོས་ཆོད་སྐོར་གྱི་གྲོས་མོལ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་རེད། ལུའུ་ལཱ་ཡིས་གྲོས་ཆོད་དེ་བཀོད་ན་ཕྱོགས་གཉིས་ཀྱིས་མཉམ་རྒྱལ་མངོན་འགྱུར་བྱེད་པར་ཕན་པ་ཡོད་ཅེས་བཤད།