ཟླ་བཞི་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིན་གིས་དུས་བཅད་ལྟར་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལན་སི་ཅི་ལ་ཁ་པར་བཏང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཝུའུ་ཁི་ལན་གྱི་འབྲེལ་བ་དང་ཝུའུ་ཁི་ལན་གྱི་ཉེན་ཚབས་ཐད་ནས་དགོངས་འཆར་བརྗེ་རེས་མཛད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་དགའ་བསུ་ཞུགས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་པར་ལས་ཝུའུ་ཁི་ལན་གྱི་ཉེན་ཚབས་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པའི་འདོད་བློ་བཏོན་པ་དེར་དོན་སྙིང་གལ་ཆེན་ལྡན་ལ། དེས་ཀྲུང་གོས་འདྲ་མཉམ་དྲང་གཞག་རྒྱུན་འཁྱོངས་བྱེད་པ་དང་གྲོས་མོལ་ལ་ཡར་སྐུལ་བྱེད་པའི་དུས་རྒྱུན་གྱི་ལངས་ཕྱོགས་གསལ་བོར་བསྟན་པ་དང་། ཀྲུངགོ་ནི་འཛམ་གླིང་གི་ཞི་བདེའི་སྲུང་སྐྱོབ་པ་ཡིན་པའི་ཆ་ནས་ཧ་ཅང་འགན་ཁུར་བའི་རྒྱལ་ཁབ་ཆེན་པོའི་ཁག་ཁུར་མངོན་པར་མཚོན་ཡོད། ཀྲུང་གོའི་ཞི་བདེའི་འདོད་བློ་དང་དེའི་ཐད་ཀྱི་འབད་བརྩོན་ལས་ཝུའུ་ཁི་ལན་གྱི་ཉེན་ཚབས་ཐག་གཅོད་པར་དྲང་ཕྱོགས་ནུས་ཚད་སྣོན་ངེས་པར་དང་ཤན་ཤུགས་ལེགས་པོ་ཐེབས་ངེས་ཞེས་བསྟན།
ཁ་པར་བཏང་རྗེས་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལན་སི་ཅི་ཡིས་སྤྱི་འབྲེལ་སྨྱན་སྦྱོར་བརྒྱུད་དེ་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་བར་དུ་ཁ་པར་ལས་ཁ་བརྡ་བྱས་པ་དེར་དོན་སྙིང་ཧ་ཅང་ལྡན། ཐེངས་འདིའི་ཁ་པར་བཏང་བ་ལས་ཕྱོགས་གཉིས་ཀྱི་འབྲེལ་བ་གོང་དུ་སྤེལ་བར་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་པར་ཡིད་ཆེས་ཡོད་ཟེར།
པ་ཞིའི་ཧྲིན་པའོ་ལོ་སློབ་གྲྭ་ཆེན་མོའི་དཔལ་འབྱོར་དང་རྒྱལ་སྤྱིའི་ཞིབ་འཇུག་ཁང་གི་ཀྲུའུ་རིན་མཱ་ཁི་སི་ཕིས་ལེ་སི་ཡིས་དེར་གདེང་འཇོག་མཐོན་པོ་བྱས། ཁོས་བཤད་རྒྱུར། ཀྲུང་གོ་དང་ཝུའུ་ཁི་ལན་གྱི་གཙོ་འཛིན་བར་ཁ་པར་བཏང་བ་དེ་ཝུའུ་ཁི་ལན་གྱི་ཉེན་ཚབས་ཞི་བའི་སྒོ་ནས་ཐག་གཅོད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ཁུར་ལས་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོས་ཝུའུ་ཁི་ལན་གྱི་ཉེན་ཚབས་དང་བཅས་པའི་འཛམ་གླིང་ཧྲིལ་བོའི་ས་རྒྱུད་ཆབ་སྲིད་ཀྱི་ཉེན་ཚབས་ཆབ་སྲིད་ཀྱི་ལམ་ཐག་གཅོད་པའི་ཁྲོད་དུ་མུ་མཐུད་གནད་འགག་གི་ནུས་པ་འདོན་པར་ང་ལ་ཡིད་ཆེས་ཡོད་ཟེར།
ཀྲུང་གོས་འགྲིག་མཐུན་འབྱུང་བར་བར་འདུམ་དང་གྲོས་མོལ་ལ་ཡར་སྐུལ་བྱས་ཏེ། དམག་འཁྲུག་མྱུར་དུ་མཚམས་འཇོག་པ་དང་ཞི་བདེ་སླར་གསོ་བྱེད་པར་རང་གི་ནུས་པ་བཏོན་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དགའ་བསུ་ཞུས་པ་དང་གདེང་འཇོག་མཐོན་པོ་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡི་མགྲིན་ཚབ་པ་གཞོན་པ་ཧ་ཁི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོགས་གཏོགས་རྒྱལ་ཁབ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་གཙོ་བོས་ཝུའུ་ཁི་ལན་གྱི་ཉེན་ཚབས་ཐག་གཅོད་པར་བྱས་རྗེས་འཇོག་པར་སྐུལ་མ་གཏོང་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོས་མུ་མཐུད་དུ་ནུས་པ་བཟང་བོ་འདོན་རྒྱུའི་རེ་བ་བཅངས་ཡོད་ཟེར།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཨེ་ལེ་ཁི་མཱ་མེ་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོ་དང་ཝུའུ་ཁི་ལན་གྱི་གཙོ་འཛིན་བར་ཁ་པར་བཏང་བར་དགའ་བསུ་ཞུས་པ་ཡིན་ལ། དེ་ནི་གོམ་སྟབས་གལ་ཆེན་ཞིག་ཡིན་པར་འདོད་ཡོད་ཟེར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་ཚབ་པོ་ལེ་ལིས་ཀྱིས་ཀྲུང་གོ་དང་ཝུའུ་ཁི་ལན་གྱི་གྲོས་མོལ་དེ་ཧ་ཅང་གལ་ཆེ་ལ། ང་ཚོས་འཛམ་གླིང་ཞི་བདེ་འབྱུང་བར་རེ་སྒུག་བྱེད་བཞིན་ཡོད་ཅེས་བཤད།
ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་སྟེང་སྤྱི་བསྒྲགས་སྤེལ་ནས། ཁ་པར་བཏང་བ་དེར་དགེ་མཚན་ཆེན་པོ་ལྡན་ཞིང་། ཀྲུང་གོའི་གཏམ་བརྗོད་ནི་ཧ་ཅང་གལ་ཆེ་ཆེས་ནན་གྱིས་བསྟན། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཧྥ་རན་སི་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པར་ཕན་པར་མ་ཟད་རྒྱལ་སྤྱིའི་བཅའ་ཁྲིམས་དང་འཚམ་པའི་གྲོས་མོལ་ཡོད་ཚད་ལ་སྐུལ་མ་གཏོང་བ་ཡིན་ཞེས་བཤད།
ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འཐབ་ཇུས་འབྲེལ་གཏུག་མཐུན་སྦྱོར་བ་ཡའོ་ཧན་ཁི་པེ་ཡིས་ཨ་མེ་རི་ཁས་ཀྲུང་གོ་དང་ཝུའུ་ཁི་ལན་གྱི་གཙོ་འཛིན་བར་ཁ་པར་བཏང་བར་དགའ་བསུ་ཞུས་པ་ཡིན་ལ། དེ་ནི་དོན་བཟང་ཞིག་ཡིན་པར་འདོད་ཡོད་ཅེས་བཤད། ཝུའུ་ཁི་ལན་གྱི་ཉེན་ཚབས་ཛ་དྲག་ཏུ་གྱུར་ནས་རྒྱལ་སྤྱིའི་གནས་བབ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད།
ཝུའུ་ཁི་ལན་གྱི་ཉེན་ཚབས་ཀྱི་གནད་དོན་ཐད་ནས། ཀྲུང་གོ་ནམ་ཡང་ཞི་བདེའི་ཕྱོགས་སུ་ལངས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་པར་ལས་གྲོས་མོལ་ནི་ལག་བསྟར་བྱེད་ཆོག་པའི་ཐབས་ལམ་ཉག་ཅིག་ཡིན་ཞེས་གསུངས་པ་དང་། ཁོང་གིས་ཕྱོགས་སོ་སོས་ཝུའུ་ཁི་ལན་གྱི་ཉེན་ཚབས་ཁྲོད་ནས་ཕྱིར་འདང་རྒྱག་པ་དང་གྲོས་མོལ་བྱས་ཏེ། ཡོ་རོབ་གླིང་ཡུན་སྐྱོང་བདེ་འགོད་ཡོང་ཐབས་མཉམ་དུ་འཚོལ་ཞིབ་བྱེད་དགོས་པའི་རེ་བ་བཏོན།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལོ་ཝ་ཡིས་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོས་གྲོས་མོལ་སླར་གསོ་བྱེད་པར་འབད་བརྩོན་བྱས་པ་མཐོང་ཡོད། ཨུ་རུ་སིའི་རྩ་དོན་རང་བཞིན་གྱི་ལངས་ཕྱོགས་དེ་ཀྲུང་གོས་ཟླ་གཉིས་པའི་ཚེས་ཉེར་བཞི་ཉིན་སྤེལ་བའི་ཝུའུ་ཁི་ལན་གྱི་ཉེན་ཚབས་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པའི་ཀྲུང་གོའི་ལངས་ཕྱོགས་ཞེས་པའི་ཡིག་ཆ་དང་མཐུན་ས་མང་ཟེར།
ཕ་ཁི་སི་ཐན་གྱི་ཨེ་ཤ་ཡའི་སྐྱེ་ཁམས་དཔལ་ཡོན་ཞིབ་འཇུག་དང་གོང་འཕེལ་ཞིབ་འཇུག་ཁང་གི་དབུ་བཞུགས་ལག་བསྟར་དཔོན་ཧྲ་ཅི་ཨར་ལཱ་མད་ཀྱིས་ཐེངས་འདིའི་ཀྲུང་གོ་དང་ཝུའུ་ཁི་ལན་གྱི་གཙོ་འཛིན་བར་ཁ་པར་བཏང་བ་དེར་གདེང་འཇོག་མཐོན་པོ་བྱས་ནས། དེ་ལས་ཀྲུང་གོ་ནི་བློ་གཏད་ཆོག་པའི་རྒྱལ་སྤྱིའི་ལས་དོན་ཁྲོད་ཟབ་ཞུགས་བྱེད་པའི་རྒྱལ་ཁབ་ཅིག་ཡིན་པ་ར་སྤྲོད་ལེགས་པོ་བྱས་ཡོད་ཅེས་བཤད། ཁོས་བཤད་རྒྱུར། ཀྲུང་གོས་སོ་ཏི་ཨ་རབ་དང་དབྱི་ལང་གིས་འབྲེལ་བ་སླར་གསོ་བྱེད་པར་རྒྱལ་ཁའི་ངང་བར་འདུམ་བྱས་པ་དང་སྐུལ་འདེ་བཏང་རྗེས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་ནུས་པ་གལ་ཆེན་བཏོན་པར་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད་ལ། ཀྲུང་གོས་མུ་མཐུད་དུ་ཝུའུ་ཁི་ལན་གྱི་ཉེན་ཚབས་སོགས་གནད་དོན་ཐག་གཅོད་པར་ནུས་པ་བཟང་བོ་འདོན་རྒྱུའི་རེ་སྒུག་བྱས་ཡོད་ཟེར།