ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཧན་གོའི་ཙུང་ཐུང་གི་ཨ་མེ་རི་ཁའི་འགྲུལ་བཞུད་ལ་སྐྱོན་བརྗོད་ནན་མོ་བྱས།
2023.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་གིས་ཟླ་བཞི་པའི་ཚེས་སུམ་ཅུ་ཉིན་དཔྱད་བརྗོད་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཧན་གོའི་ཙུང་ཐུང་དབྱིན་ཞི་ཡུའེ་ཡིས་ཉེ་སྔོན་ཨ་མེ་རི་ཁར་འཚམས་འདྲི་བྱས་པ་དེ་ནི་ཆེས་དགྲ་རུ་འཛིན་པའི་བཙན་འཛུལ་དང་བསྙད་རྐོའི་འགུལ་བཞུད་ཅིག་ཡིན་ལ། ཆེས་ཉེན་ཁ་ཆེ་བའི་ཉིང་རྡུལ་དམག་འཁྲུག་སློང་བའི་འགྲུལ་བཞུད་ཅིག་རེད་ཟེར།

རྩོམ་ཡིག་ལས་བཤད་རྒྱུར། ཧན་གོ་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་གྲོས་མོལ་བྱས་རྗེས་སྤེལ་བའི་ཝ་ཧྲིན་ཏོན་བསྒྲགས་གཏམ་ཞེས་པ་དེ་ནི་ངན་དགུ་ཚང་བའི་སྒོ་ནས་ཁྲའོ་ཞན་དགྲ་རུ་འཛིན་པའི་སྲིད་ཇུས་ཀྱི་བྱུང་དངོས་ཡིན་པ་གཅིག་བསྡུས་ཀྱིས་མཚོན་ཡོད་ལ། དེའི་དམིགས་ཡུལ་ནི་ཁྲའོ་ཞན་ལ་རྒོལ་བའི་ཉིང་རྡུལ་དམག་འཁྲུག་དེ་དོན་དངོས་ཤིག་གི་བསྒྱུར་རྒྱུ་དེ་རེད་ཟེར།

རྩོམ་ཡིག་ནང་དུ། ཧན་གོ་དང་ཨ་མེ་རི་ཁའི་ཐེངས་འདིར་མངོན་གསལ་དུ་མིང་བཏོན་ནས་ཁྲའོ་ཞན་ནི་ཉིང་རྡུལ་དཔུང་འཇུག་བྱེད་ཡུལ་ཡིན་ཞེས་བཤད་པ་དང་། འཐབ་ཇུས་ཉིང་རྡུལ་རྒྱུ་ནོར་དེ་ཁྲའོ་ཞན་ཕྱེད་གླིང་དུ་དུས་བཅད་ལྟར་བསྟུད་མར་བཀོད་སྒྲིག་བྱེད་པའི་ཇུས་གཞི་དངོས་སུ་བྲིས་པ་དེ་ནི་ལོ་རྒྱུས་སྟེང་བྱུང་མ་མྱོང་བ་ཞིག་རེད། ཧན་གོ་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་དེ་ནི་བདེ་འཇགས་སྲུང་སྐྱོབ་ལ་ཁ་གཡར་ནས་ཉིང་རྡུལ་དམག་འཁྲུག་གི་ལྐོག་གཡོ་བཤམས་པ་དང་གཅིག་མཚུངས་རེད་ཟེར།

རྩོམ་ཡིག་ནང་དུ་ད་དུང་བཤད་རྒྱུར། དབྱིན་ཞི་ཡུའེ་ཨ་མེ་རི་ཁའི་རྒྱུག་ཁྱི་བྱས་ཏེ། ཧན་གོ་རིམ་བཞིན་ཨ་མེ་རི་ཁའི་ཉིང་རྡུལ་དམག་འཁྲུག་གི་མཚོན་ཆའི་མཛོད་ཁང་དང་སོ་ལྟ་རྟེན་གཞི་རུ་འགྱུར་བར་བྱས་ནས། ཁྲའོ་ཞན་ཕྱེད་གླིང་དང་ཐ་ན་རང་ས་ཁུལ་གྱི་བདེ་འཇགས་ཁེ་ཕན་ལ་གནོད་བསྐྱལ་ཡོད་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་པད་ཏིན་དང་ཧན་གོའི་ཙུང་ཐུང་དབྱིན་ཞི་ཡུའེ་གཉིས་ཀྱིས་ཉེ་སྔོན་ཕོ་བྲང་དཀར་པོ་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀས་ཧན་གོར་རོགས་སྐྱོར་སྔར་ལས་ཆེན་པོ་བྱེད་པར་འཐད་པ་བྱུང་བར་མ་ཟད། ཝ་ཧྲིན་ཏོན་བསྒྲགས་གཏམ་ཞེས་པ་སྤེལ་ནས། ཨ་མེ་རི་ཁ་དང་ཧན་གོའི་ཉིང་རྡུལ་ཉེན་ཚབས་ཀྱི་གྲོས་མོལ་རྒྱ་བསྐྱེད་པ་དང་། ཨ་མེ་རི་ཁ་དང་ཧན་གོའི་དམག་དོན་སྦྱོང་བརྡར་དང་ལད་ཟློས་སྦྱོང་བརྡར་ཇེ་མང་དུ་གཏོང་བ། ཨ་མེ་རི་ཁ་དང་ཧན་གོའི་ཉིང་རྡུལ་གྲོས་མོལ་ཚན་ཆུང་གི་རྐྱེན་སྲོལ་འཛུགས་པ། ཕྱེད་གླིང་མཐའ་སྐོར་གྱི་ཨ་མེ་རི་ཁའི་འཐབ་ཇུས་མ་རྩ་གཏོང་ཚད་རྒྱ་བསྐྱེད་པ་སོགས་བྱ་རྒྱུ་ཡིན་ཞེས་བཤད།