ཧན་གོའི་ཙུང་ཐུང་གིས་ཨ་མེ་རི་ཁར་འཚམས་འདྲི་བྱས་པ་དེར་ཧན་གོའི་གླེང་ཕྱོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱས།
2023.05.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཧན་གོའི་ཙུང་ཐུང་དབྱིན་ཞི་ཡུའེ་ཡིས་ཟླ་བཞི་པའི་ཚེས་སུམ་ཅུ་ཉིན་ཨ་མེ་རི་ཁར་འཚམས་འདྲི་བྱས་ཚར་ནས་ཕྱིར་ཧན་གོར་ལོག ཐེངས་འདིའི་འཚམས་འདྲི་ལ་ཧན་གོའི་གླེང་ཕྱོགས་ཀྱིས་ཡོངས་ཁྱབ་ཏུ་སྐྱོན་བརྗོད་བྱས་པ་དང་། གླེང་ཕྱོགས་ཡོངས་ཀྱིས་ཧན་གོ་སྲིད་གཞུང་ནི་ཨེ་ཤ་ཡ་ཤར་བྱང་ས་ཁུལ་དང་ཐ་ན་འཛམ་གླིང་ཧྲིལ་བོའི་འཇམ་འཐབ་གསར་པ་སློང་བའི་གཏེ་བོར་འགྱུར་བཞིན་འདུག་ཅེས་ཡོངས་ཁྱབ་ཏུ་སེམས་ཁུར་བྱས།

ཧན་གོའི་ཅིན་ཞང་གསར་འགྱུར་ཞེས་པའི་ཚགས་པར་སྟེང་དུ་ཚེས་ཉེར་བརྒྱད་ཉིན་དཔྱད་བརྗོད་རྩོམ་ཡིག་སྤེལ་ནས། དབྱིན་ཞི་ཡུའེ་ཡིས་ཧན་གོ་ནི་ཀྲུང་གོར་ཚོད་འཛིན་བྱེད་པའི་ཨ་མེ་རི་ཁའི་ཧིན་རྡུ་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་འཐབ་ཇུས་ལག་བསྟར་བྱེད་པའི་བློས་ཐུབ་གྲོགས་པོར་འགྱུར་བར་བྱ་རྒྱུའི་ཐག་བཅད་མོད། ཡིན་ནའང་ཧན་གོ་སྲིད་གཞུང་གིས་ལག་བསྟར་བྱེད་པའི་རིན་ཐང་དཀྱིལ་སྙིང་གི་ཕྱི་འབྲེལ་དེས་དོན་དངོས་སུ་ཧན་གོར་ཁེ་ཕན་ངོ་མ་བསྐྲུན་ཐུབ་མིན་ད་དུང་བཤད་དཀའ་ཟེར།

ཧན་གོའི་ཀྲུང་དབྱང་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་རིག་པའི་སྡེ་ཁག་གི་དགེ་རྒན་ཆེན་མོ་ཧྲིན་ཅིན་ཞུའུ་ཡིས་ཉེ་སྔོན་ཧན་གོའི་མི་རིགས་ཉིན་རེའི་ཚགས་པར་སྟེང་དུ་རྩོམ་ཡིག་སྤེལ་ནས། དབྱིན་ཞི་ཡུའེ་སྲིད་གཞུང་གིས་མགོ་ཁྲིད་པའི་ཧན་གོ་ནི་ཁྲའོ་ཞན་ཕྱེད་གླིང་དང་ཨེ་ཤ་ཡ་ཤར་མ་ས་ཁུལ། ཐ་ན་འཛམ་གླིང་ཆབ་སྲིད་ཐད་འཇམ་འཐབ་གསར་པ་སློང་བའི་གཏེ་བོར་འགྱུར་བཞིན་ཡོད་ལ། དབྱིན་ཞི་ཡུའེ་སྲིད་གཞུང་གིས་ཕྱེད་གླིང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བ་དང་ཕྱེད་གླིང་གི་གནས་བབ་འཇམ་འཐབ་གསར་པའི་ཕྱོགས་སུ་འགྲོ་རུ་མི་འཇུག་པའི་ཐད་འབད་བརྩོན་མི་བྱེད་པ་ཕར་ཞོག དེ་ལས་ལྡོག་སྟེ་སྣེ་ཁྲིད་དེ་སྣང་ཚུལ་དེར་ཤུགས་སྣོན་དང་ཡར་སྐུལ་བྱེད་བཞིན་འདུག་ཅེས་བཤད།

རྩོམ་ཡིག་དེའི་ནང་དུ་དབྱིན་ཞི་ཡུའེ་སྲིད་གཞུང་གིས་ཨ་མེ་རི་ཁ་དང་འཇར་པན་གྱི་གྱོང་མཁྲེགས་ཕྱོགས་ཁག་གི་རེ་བ་ཡོད་ཚད་བསྐངས་ཡོད་ལ། དེས་ཧན་གོ་ཚོད་འཛིན་གྱི་དབང་ཆ་དང་ཟབ་ཞུགས་ཀྱི་དབང་ཆ། རང་བདག་གི་དབང་ཆ་བཅས་ཅི་ཡང་མེད་པའི་རྒྱལ་ཁབ་ཅིག་ཏུ་འགྱུར་བར་བྱེད་བཞིན་པས། ཧན་གོའི་མ་འོངས་པར་སེམས་ཁུར་ཧ་ཅང་ཆེ་ཞེས་བཤད་ཡོད།

ཧན་གོའི་མི་རིགས་ཉིན་རེའི་ཚགས་པར་སྟེང་སྤེལ་བའི་རྩོམ་ཡིག་གཞན་པ་ཞིག་གི་ནང་དུ། གལ་ཏེ་ཨ་མེ་རི་ཁས་ཁྲའོ་ཞན་ཕྱེད་གླིང་གི་མཐའ་སྐོར་དུ་འཐབ་ཇུས་མཚོན་ཆ་སྔར་ལས་མང་བོ་བཀོད་སྒྲིག་བྱས་པ་སྟེ། དཔེར་ན་འཐབ་ཇུས་ཉིང་རྡུལ་ཆུར་འཛུལ་གྲུ་གཟིངས་བཀོད་སྒྲིག་བྱས་ཚེ། ཕྱེད་གླིང་དང་ཨེ་ཤ་ཡ་ཤར་བྱང་ས་ཁུལ་གྱི་ཛ་དྲག་གི་གནས་བབ་སྔར་ལས་ཚབས་ཇེ་ཆེར་འགྲོ་སྲིད་ཅེས་ཉེན་བརྡ་བཏང་ཡོད།