སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གིས་ཟླ་བཞི་པའ་ཚེས་སུམ་ཅུ་ཉིན་སོ་སོར་ཁྱབ་བསྒྲགས་བྱེད་རྒྱུར། མི་ཆོས་རིང་ལུགས་ལ་དམིགས་ནས་དམག་འཁྲུག་རྒྱག་མཚམས་འཇོག་པའི་དུས་ཚོད་དེ་ཉིན་དེའི་ནམ་གུང་ནས་ཡང་བསྐྱར་དུས་ཚོད་དོན་གཉིས་ཀྱི་རིང་ལ་ཡུན་བསྲིང་རྒྱུར་འཐད་པ་ཡིན་ཞེས་བསྒྲགས་ནའང་། རྒྱལ་ས་ཁཱ་ཐུའུ་མུའུ་རུ་ཟླ་ལྔ་པའི་ཚེས་གཅིག་ཉིན་འཐབ་འཁྲུག་རྒྱག་པའི་སྒྲ་ཐར་ཐོར་རེ་གོ་ཐུབ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཟླ་ལྔ་པའི་ཚེས་གཅིག་ཉིན་བཤད་རྒྱུར། སུའུ་ཏན་གྱི་དམག་འཁྲུག་རྒྱག་པའི་ཕྱོགས་གཉིས་ཀས་འཐུས་ཚབ་མངགས་ནས་གྲོས་མོལ་བྱ་རྒྱུར་འཐད་པ་བྱུང་ཡོད་ནའང་། དོན་ངོ་མས་གྲོས་མོལ་བྱ་རྒྱུ་དེ་ད་དུང་འགྲན་སློང་དང་འཕྲད་ཡོད་ཟེར།
གནས་ཚུལ་མཐོང་མཁན་གྱིས་བཤད་རྒྱུར། དམག་འཁྲུག་རྒྱག་པའི་ཕྱོགས་གཉིས་ཀྱིས་ཁཱ་ཐུའུ་མུའུ་ཡི་སྲང་ལམ་མི་ཉུང་བ་ནས་ཕན་ཚུན་དགྲ་རུ་ལངས་ཡོད་ལ། ཕྱོགས་གཉིས་ཀས་འཐབ་ཇུས་ཀྱི་ས་གནས་མི་འདྲ་བ་བཟུང་ཡོད་པ་དང་། མཚམས་ལ་རེར་འཐབ་འཁྲུག་ཀྱང་རྒྱག་བཞིན་ཡོད། མང་ཚོགས་མང་ཆེ་ཤོས་ཁྱིམ་དུ་འཛུལ་ནས་སྲང་ལམ་དུ་འགྲོ་ཕོད་ཀི་མེད་ཟེར།
ཟླ་ཕྱེད་ཀའི་རིང་རྒྱུན་བསྲིངས་པའི་དྲག་ཤུགས་འཁྲུག་རྩོད་ལས་ཁཱ་ཧྲི་མུའུ་ཡི་དངོས་གོང་ཆེས་ཆེར་འཕར་ནས། འོ་མ་སྤྱི་རྒྱ་གང་གི་རིན་གོང་དམག་འཁྲུག་སྔོན་གྱི་སུའུ་ཏན་གྱི་སྒོར་མོ་ཆིག་སྟོང་ལྔ་བརྒྱ་ནས་ད་ལྟའི་ཁྲི་གསུམ་ལ་འཕར་ཡོད། སུའུ་ཏན་མང་ཚོགས་ཀྱིས་དམག་འཁྲུག་རྒྱག་པའི་ཕྱོགས་གཉིས་ཀྱིས་སྔ་མོ་ནས་དངོས་སུ་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུའི་རེ་བ་ཆེན་པོ་བཅངས་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་བར་བརྒལ་དུས་སྐབས་ཕྱོགས་བསྡུས་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་ཧྥུའུ་ཨར་ཁི་ཕོ་ཨར་ཐི་སི་ཡིས་ཚེས་གཅིག་ཉིན་སུའུ་ཏན་གྲུ་ཁ་ནས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གཉིས་ཀྱིས་འཐུས་ཚབ་མངགས་ནས་གྲོས་མོལ་ལ་ཞུགས་རྒྱུར་འཐད་པ་བྱུང་ཡོད། གལ་ཏེ་གྲོས་མོལ་བྱེད་ཐུབ་ཚེ། བརྟན་བརླིང་ཡིན་ལ་ཡིད་ཆེས་ཆོག་པའི་སྒོ་ནས་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུར་དམིགས་ནས་གྲོས་མོལ་བྱ་ངེས་མོད། ཡིན་ནའང་གྲོས་མོལ་དེ་འགྲན་སློང་དང་འཕྲད་ཡོད་ཟེར།
སུའུ་ཏན་ཉི་ལོ་དྲ་བས་ཚེས་གཅིག་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེར་སུའུ་ཏན་དྲག་ཆས་དམག་དཔུང་གིས་ཁོ་ཚོས་སུའུ་ཏན་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གི་འཐབ་འཛིང་ནུས་པ་བརྒྱ་ཆའི་ལྔ་བཅུས་ཇེ་ཆུང་དུ་བཏང་ཡོད་ཅེས་བཤད་ཟེར། སུའུ་ཏན་འཕྲལ་རྒོལ་རྒྱབ་རོགས་དམག་དཔུང་གིས་བཤད་རྒྱུར། ཁོ་ཚོས་ཁཱ་ཐུའུ་མུའུ་ཉེ་འདབས་ཀྱི་གྲོང་ཁྱེར་ཨིན་ཐུའུ་མན་དུ་ཚོད་འཛིན་བྱས་པའི་དམག་དོན་སྨན་ཁང་ཞིག་ལ་ཉིན་དེའི་ཞོགས་པར་སུའུ་ཏན་དྲག་ཆས་དམག་དཔུང་གི་སྒྱོགས་མདེལ་ཕོག་ནས། སྨན་བཅོས་མི་སྣ་འགའ་ཤི་རྨས་བཟོས་སོང་ཟེར།
སུའུ་ཏན་སྨན་པའི་ཨུ་ཡོན་ལྷན་ཁང་གིས་ཚེས་གཅིག་ཉིན་བསྒྲགས་པའི་གྲངས་ཀ་ལྟར་ན། ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་དམག་འཁྲུག་བྱུང་བའི་ཚུན་ལ། ཉུང་མཐར་ཡང་མི་སེར་བཞི་བརྒྱ་དང་སོ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་སེར་ཆིག་ཁྲི་ཉིས་སྟོང་ལྷག་ལ་རྨས་ཕོག་ཡོད་ཟེར།
འཛམ་གླིང་འབྲུ་རིགས་འཆར་གཞི་ཧྲུའུ་ཡི་ལག་བསྟར་ལས་སྣ་ཞིན་ཏིས་མའེ་ཁའེ་ཨིན་གྱིས་ཚེས་གཅིག་ཉིན་བསྒྲགས་རྒྱུར། སུའུ་ཏན་གྱི་རོགས་སྐྱོར་བྱ་འགུལ་སླར་གསོ་བྱས་ཏེ། ཅ་ཏ་ལེ་ཧྥུའུ་མངའ་སྡེ་དང་ཅེ་ཅི་ལཱ་མངའ་སྡེ། ཁཱ་སཱ་ལཱ་མངའ་སྡེ། པའེ་ཉི་ལོ་མངའ་སྡེ་སོགས་ས་ཁུལ་དུ་ཟས་རིགས་སྟེར་བའི་བྱ་བ་དེ་ཅང་མི་འགོར་བར་སླར་གསོ་བྱ་རྒྱུ་ཡིན་ཟེར།
གཞན་ཡང་ཕྱེད་གླིང་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། སུའུ་ཏན་གྲ་ཁ་རུ་སྔར་བཞིན་ཕྱི་རྒྱལ་གྱི་སྤྱི་དམངས་མང་པོས་ཕྱིར་འཐེན་བྱེད་པར་སྒུག་ཡོད་པ་དང་། སུའུ་ཏན་ཟླ་གསར་དམར་པོ་ཚོགས་པ་སོགས་རྩ་འཛུགས་ཀྱིས་གྲུ་ཁ་དེར་ལུས་པའི་མི་རྣམས་ལ་ཟས་རིགས་དང་ཆུ་སོགས་ཉེར་མཁོའི་དངོས་རྫས་སྟེར་བཞིན་ཡོད། དམག་འཁྲུག་རྒྱག་མཚམས་མ་བཞག་པས། ས་དེར་སྨན་དཀོན་པའི་གནས་ཚུལ་ཡང་ཚབས་ཇེ་ཆེ་ནས་ཇེ་ཆེ་རེད་ཟེར།