ས་དེའི་དུས་ཚོད་ཟླ་ལྔ་པའི་ཚེས་དྲུག་ཉིན། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཆིན་ཀང་གིས་ཕ་ཁི་སི་ཐན་གྱི་དབྱི་ཟི་ལན་པོ་རུ་ཕ་ཁི་སི་ཐན་གྱི་སྐམ་དམག་ཇུས་འདོན་དཔོན་པོ་མུའུ་ཉིས་ཨར་ལ་ཐུག་འཕྲད་བྱས།
ཆིན་ཀང་གིས་ཀྲུང་གོ་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་ནི་གནས་ཚུལ་གང་ལའང་མི་བལྟོས་པའི་འཐབ་ཇུས་མཉམ་ལས་གྲོགས་པོ་ཡིན་པས། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་མཛའ་མཐུན་བྲག་རྡོ་ལྟར་ཇེ་བརྟན་དུ་ཕྱིན་ཡོད་ལ་ལོ་རྒྱུས་རྒྱུན་རིང་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་བར་སྔར་ལས་ཆ་ཚད་སྔར་ལས་མཐོ་བའི་མཉམ་ལས་བྱས་ནས། མཉམ་དུ་ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་འཇལ་ཏེ། རྒྱལ་ཁབ་གཉིས་ཀ་མཉམ་དུ་འཕེལ་རྒྱས་དང་སྟོབས་ལྡན་དུ་འགྲོ་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ལ་མཐུན་སྒྲིལ་བརྟན་བརླིང་ཡོང་བར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། ཕ་ཁི་སི་ཐན་གྱི་དཔལ་འབྱོར་རང་སྟོབས་རང་སྤེལ་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་རྒྱུ་དང་། ཕ་ཁི་སི་ཐན་གྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུར་རྒྱབ་སྐྱོར་བཅས་བྱས་ནས། ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་དཔལ་འབྱོར་བར་ཁྱམས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། དམག་དཔུང་གཉིས་ཀྱི་འགྲོ་འོང་དང་འགོག་སྲུང་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན།
མུའུ་ཉིས་ཨར་གྱིས་ཕ་ཀྲུང་རྒྱལ་ཁབ་གཉིས་པོ་ནི་གནས་ཚུལ་གང་ལའང་མི་བལྟོས་པའི་གྲོགས་པོ་དང་ཕུ་ནུ་ལྟ་བུ་ཡིན། ཕ་ཁི་སི་ཐན་གྱི་མང་ཚོགས་ཀྱིས་ཕ་ཀྲུང་གི་མཛའ་མཐུན་འབྲེལ་བ་རི་བོ་ལས་བརྟན་ཞིང་རྒྱ་མཚོ་ལས་ཟབ་པ། སྦྲང་རྩི་ལས་ཞིམ་པ་ཞེས་དུས་རྟག་པར་བཤད་ཀྱིན་ཡོད་ཅིང་། དེ་ནི་ཕ་ཁི་སི་ཐན་མི་དམངས་ཀྱི་སེམས་གཏིང་ནས་བྱུང་བའི་བརྩེ་སེམས་ངོ་མ་ཞིག་ཡིན་ལ། ཕ་ཁི་སི་ཐན་གྱི་ལས་རིགས་སོ་སོའི་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཅན་ཞིག་ཀྱང་ཡིན། ཕ་ཁི་སི་ཐན་གྱི་དམག་དཔུང་གིས་ཕ་ཀྲུང་གི་མཛའ་མཐུན་རྒྱུན་འཛིན་བྱ་རྒྱུར་རྩེ་གཅིག་ཏུ་གཞོལ་ཏེ། སྲ་ཞིང་བརྟན་པའི་ཕ་ཀྲུང་གི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་ཡིན་ཞེས་བསྟན།
ཕྱོགས་གཉིས་ཀས་ད་དུང་ཨ་ཧྥུའུ་ཧན་སོགས་ཐུན་མོང་གིས་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་ཀྱང་བསམ་འཆར་བརྗེ་རེས་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།