ཆིན་ཀང་གིས་ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་ལས་ཚབ་ཕྱི་འབྲེལ་པུའུ་ཀྲང་མུའུ་ཐ་ཅིས་ལ་ཐུག་འཕྲད་བྱས།
2023.05.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ས་དེའི་དུས་ཚོད་ཟླ་ལྔ་པའི་ཚེས་དྲུག་ཉིན། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་མཁན་ཆིན་ཀང་གིས་ཕ་ཁི་སི་ཐན་གྱི་དབྱི་ཟི་ལན་པོ་རུ་ཨ་ཧྥུའུ་ཧན་གནས་སྐབས་སྲིད་གཞུང་གི་ལས་ཚབ་ཕྱི་འབྲེལ་པུའུ་ཀྲང་མུའུ་ཐ་ཅིས་ལ་ཐུག་འཕྲད་བྱས།

ཆིན་ཀང་གིས་ཀྲུང་གོ་དང་ཨ་ཧྥུའུ་ཧན་རྒྱལ་ཁབ་གཉིས་ནི་རི་ཆུ་འདབས་འབྲེལ་གྱི་སྲོལ་རྒྱུན་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་བསམ་ཤེས།ཕན་ཚུན་ཡིད་ཆེས་བཅས་བྱེད་ཀྱིན་ཡོད། རྒྱལ་སྤྱིའི་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཨ་ཧྥུའུ་ཧན་གྱི་མི་དམངས་དང་མཉམ་དུ་ལངས་ནས། ཨ་ཧྥུའུ་ཧན་ རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་སྐྱོད་རྒྱུར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔར་སྲོལ་བཞིན་ཨ་ཧྥུའུ་ཧན་གྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་ཀྱིན་ཡོད་ཅིང་། རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཨ་ཧྥུའུ་ཧན་ལ་གང་མགྱོགས་ངང་རང་སྟོབས་རང་སྤེལ་དང་ཞི་བདེ་བརྟན་བརླིང་། འཕེལ་རྒྱས་དར་རྒྱས་བཅས་ཡོང་རྒྱུར་རོགས་རམ་བྱེད་ཀྱིན་ཡོད།

ཆིན་ཀང་གིས་ཨ་ཧྥུའུ་ཧན་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་ཁས་ལེན་ལག་བསྟར་བྱས་ནས།“ཤར་གྱི་དབྱི་ཟི་ལམ་ལས་འགུལ”ཚུད་པའི་འཇིགས་སྐུལ་ཕྱོགས་གཏོགས་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་སྟེ། ཨ་ཧྥུའུ་ཧན་དུ་ཡོད་པའི་ཀྲུང་གོའི་མི་སྣ་དང་སྒྲིག་གཞིའི་བདེ་འཇགས་ལ་འགན་ལེན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་འདྲ་མཉམ་གྲོས་མོལ་དང་དངོས་གཉེར་མཛའ་མཐུན། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་རྩ་དོན་ལ་གཞིགས་ནས། ཀྲུང་གོ་དང་ཨ་ཧྥུའུ་ཧན། ཕ་ཁི་སི་ཐན་བཅས་ཕྱོགས་གསུམ་ཀའི་བར་བསམ་ཚུལ་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན།

མུའུ་ཐ་ཅིས་ཡིས་ཨ་ཧྥུའུ་ཧན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། སྟོབས་ཤུགས་གང་རུང་ཞིག་གིས་ཨ་ཧྥུའུ་ཧན་གྱི་མངའ་ཁོངས་ལ་བརྟེན་ནས་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱ་སྤྱོད་སྤེལ་བ་གཏན་འགོག་བྱེད་རྒྱུ་ཡིན།  ཨ་ཧྥུའུ་ཧན་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཏུ། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་མི་ཆོས་རིག་གནས་བརྗེ་རེས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀའི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད།  ཨ་ཧྥུའུ་ཧན་ཕྱོགས་ཀྱིས་ཀྲུང་གོ་དང་ཕ་ཁི་སི་ཐན་སོགས་ཁྱིམ་མཚེས་རྒྱལ་ཁབ་དང་འཆམ་མཐུན་མཉམ་གནས་ཡོང་རྒྱུར་རེ་ལྟོས་བྱེད་ཀྱིན་ཡོད་ལ། ཀྲུང་གོ་དང་ཨ་ཧྥུའུ་ཧན། ཕ་ཁི་སི་ཐན་བཅས་བར་གྱི་ཕྱོགས་གསུམ་ཀའི་མཉམ་ལས་ལ་སྐུལ་འདེད་གང་ལེགས་བཏང་ནས། ས་ཁུལ་བརྟན་བརླིང་དང་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།