ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཚེས་བདུན་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཉིན་དེར་ཁའེ་རོ་ནས་བསྡུས་པའི་ཕྱི་འབྲེལ་པུའུ་ཀྲང་རིམ་པའི་དམིགས་བསལ་གྲོས་ཚོགས་སྟེང་དུ་ཐག་བཅད་དེ། སི་རི་ཡའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཐོབ་ཐང་སླར་གསོ་བྱེད་པར་འཐད་པ་བྱུང་ཟེར།
གསལ་བསྒྲགས་ནང་དུ་བཤད་རྒྱུར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྟེང་། ཉིན་དེ་ནས་བཟུང་སི་རི་ཡ་སྲིད་ཞུང་གི་འཐུས་ཚབ་ཚོགས་པ་ཨ་རབ་རྒྱལ་ཁབ་མནའ་འབྲེལ་ལས་འཛིན་ཚོགས་པ་དང་དེའི་རྩ་འཛུགས་དང་ལས་ཁུངས་ཡོད་ཚད་ཀྱི་གྲོས་ཚོགས་ལ་ཞུགས་ཆོག་པའི་ཐོབ་ཐང་སླར་གསོ་བྱེད་རྒྱུའི་ཐག་བཅད་པ་ཡིན་ཟེར།
ཚོགས་འདུར་ཞུགས་པའི་ཨ་རབ་རྒྱལ་ཁབ་དག་གི་ཕྱི་འབྲེལ་པུའུ་ཀྲང་རྣམས་མུ་མཐུད་དུ་འབད་བརྩོན་སྔར་ལས་ཆེན་པོ་བྱས་ཏེ་སི་རི་ཡ་ཉེན་ཚབས་ལས་ཐར་བར་རོགས་རམ་བྱ་རྒྱུར་འཐད་པ་བྱུང་། ཕྱི་འབྲེལ་པུའུ་ཀྲང་རྣམས་ཀྱིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སྒྲིག་ཡིག་དང་དེའི་རྩ་དོན་གཞིར་བཟུང་སྟེ། སི་རི་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་བ། བརྟན་འཇགས་དང་ས་ཁོངས་ཀྱི་ཆ་ཚང་རང་བཞིན་བཅས་ལ་སྲུང་སྐྱོབ་བྱེད་རྒྱུའི་དམ་བཅའ་བསྐྱར་བསྒྲགས་བྱས།
གྲོས་ཚོགས་སྟེང་ད་དུང་ཅོར་ཏན་དང་སོ་ཏི་ཨ་རབ། དབྱི་རག ལེ་པ་ནུན། ཨེ་ཅིབ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་བཅས་ཀྱིས་གྲུབ་པའི་པུའུ་ཀྲང་རིམ་པའི་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས། མུ་མཐུད་དུ་སི་རི་ཡའི་སྲིད་གཞུང་བར་དུ་འབྲེལ་འདྲིས་གྲོས་མོལ་བྱས་ཏེ། སི་རི་ཡའི་ཉེན་ཚབས་ཕྱོགས་ཡོངས་ནས་ཐག་གཅོད་པའི་ཐབས་ཇུས་ཤིག་འདོན་རྒྱུར་འཐད་པ་བྱུང་།
ཟླ་འདིའི་ཚེས་གཅིག་ཉིན། ཅོར་ཏན་དང་སོ་ཏི་ཨ་རབ། དབྱི་རག ཨེ་ཅིབ་དང་སི་རི་ཡ་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་གྲོས་མོལ་བྱས་ཏེ། སི་རི་ཡའི་གནད་དོན་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པའི་ཇུས་གཞིར་གྲོས་སྡུར་བྱས་པར་མ་ཟད། སི་རི་ཡའི་ཉེན་ཚབས་ཐག་གཅོད་རྒྱུ་དེ་དམིགས་བསལ་གྱི་དོན་དག་ཏུ་བརྩི་རྒྱུ་ཡིན་ཞེས་ནན་གྱིས་བསྟན། སི་རི་ཡའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་སླར་གསོ་བྱ་རྒྱུ་དེ་ཡང་གྲོས་ཚོགས་དེའི་གྲོས་གཞི་གཙོ་བོ་རེད།
ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡའི་ཉེན་ཚབས་བྱུང་རྗེས། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་སི་རི་ཡའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་བླངས་པ་དང་། ཨ་རབ་རྒྱལ་ཁབ་མང་བོས་རང་རྒྱལ་ཁབ་ཏུ་སྡོད་པའི་སི་རི་ཡའི་གཞུང་ཚབ་ཁང་གི་སྒོ་བརྒྱབ། ཉེ་བའི་ལོ་འགའི་རིང་ལ་སི་རི་ཡའི་རྒྱལ་ནང་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། སི་རི་ཡའི་སྲིད་གཞུང་དང་ཨ་རབ་རྒྱལ་ཁབ་གཞན་དག་བར་གྱི་འབྲེལ་བ་རིམ་བཞིན་སླར་གསོ་བྱུང་བ་དང་། ཨ་རབ་རྒྱལ་ཁབ་མང་བོས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་སི་རི་ཡའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་སླར་གསོ་བྱ་རྒྱུའི་འབོད་སྐུལ་བཏང་ལ། རྒྱལ་ཁབ་མང་བོས་རྒྱལ་ཁབ་རང་དུ་སྡོད་པའི་སི་རི་ཡའི་གཞུང་ཚབ་ཁང་དང་ཡང་ན་སི་རི་ཡའི་འབྲེལ་མཚམས་ཀྱི་མཐའ་མཚམས་འགག་སྒོ་ཡང་བསྐྱར་ཕྱེས།