དབྱི་སི་རལ་གྱི་ཙུང་ལི་ཡིས་བཀག་འཇུག་བྱས་པའི་མི་སྣ་ཕྱིར་གཏོང་བའི་ཆེད་དུ་འཁྲུག་རྩོད་མཇུག་སྒྲིལ་རྒྱུ་ཁས་ལེན་མ་བྱས།
2024.01.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་བརྙན་རིས་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་བཀག་འཇུག་བྱས་པའི་མི་སྣ་ཕྱིར་གཏོང་བ་རྒྱུ་མཚན་དུ་བྱས་ནས་ཐེངས་འདིའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཇུག་སྒྲིལ་བའི་རེ་བ་བཏོན་པ་དེ་གཏན་ནས་ཁས་ལེན་བྱེད་མི་སྲིད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་དུ་བཀག་འཇུག་བྱས་པའི་མི་སྣ་ཕྱིར་གཏོང་བ་ཆ་རྐྱེན་དུ་བྱས་ཏེ། འཁྲུག་རྩོད་མཚམས་འཇོག་པ་དང་དབྱི་སི་རལ་གྱི་དམག་དཔུང་ཅཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་པ། ཧཱ་མཱ་སི་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་སྡོད་པ་བཅས་ཀྱི་རེ་བ་བཏོན་ཡོད། གལ་ཏེ་དབྱི་སི་རལ་རེ་བ་དེ་དག་ལ་འཐད་པ་བྱུང་ཚེ། དབྱི་སི་རལ་གྱི་སྤྱི་དམངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་ཐབས་མེད་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་ཅཱ་ཧྲ་ས་ཁུལ་དུ་བཀག་འཇུག་བྱས་པའི་མི་སྣ་ཚང་མ་ཕྱིར་གཏོང་བར་འབད་འབུངས་བྱེད་རྒྱུ་ཡིན་ལ། དམག་དོན་གནོན་ཤུགས་ནི་དམིགས་འབེན་དེ་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན། དབྱི་སི་རལ་ལ་རྒྱལ་ཁ་ཐོབ་ན་ད་གཟོད་ཧཱ་མཱ་སི་ཚར་གཅོད་བྱེད་པ་དང་བཀག་འཇུག་མི་སྣ་ཕྱིར་རང་ཁྱིམ་དུ་ལོག་པར་འགན་སྲུང་བྱེད་ཐུབ་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་དུ་ངེས་པར་དུ་དམག་དོན་མ་ཡིན་པ་མངོན་འགྱུར་བྱས་ནས་དབྱི་སི་རལ་གྱི་བདེ་འཇགས་ཀྱི་ཚོད་འཛིན་འོག་ཏུ་གནས་དགོས་ཟེར། ཁོས་དབྱི་སི་རལ་གྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་མངའ་ཁོངས་ཚང་མ་བདེ་འཇགས་ཚོད་འཛིན་བྱེད་པའི་ཐད་ནས་མཐུན་སྦྱོར་བྱེད་མི་སྲིད་ཟེར།

ཕཱ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ན་ནིང་ཟླ་བཅུ་བའི་ཚེས་བདུན་ཉིན་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཅཱ་ཧྲ་ས་ཁུལ་དུ་བསྡོམས་པས་ཕཱ་ལེ་སི་ཐན་གྱི་མི་ཁྲི་གཉིས་དང་སྟོང་ལྔ་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར། དབྱི་སི་རལ་ཕྱོགས་ཀྱིས་བཤད་རྒྱུར། འཁྲུག་རྩོད་ལས་དབྱི་སི་རལ་གྱི་མི་སྟོང་གཅིག་དང་སུམ་བརྒྱ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མིག་སྔར་སྔར་བཞིན་མི་བརྒྱ་ལྷག་ཅཱ་ཧྲ་ས་ཁུལ་དུ་བཀག་འཇུག་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།