ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་ངོ་རྒོལ་བྱེད་པ་བསྐྱར་སྒྲོག་བྱས།
2024.01.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉི་ཤུ་ཉིན་བསྟན་དོན། ཨ་མེ་རི་ཁར་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་ཡིད་འཐད་ཡིན་པའི་དམ་བཅའ་བཞག་མེད་ཟེར།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་སྔོན་ཆད་ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་ལ་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་སྲིད་པའི་དམ་བཅའ་བཞག་ཡོད་པ་ཁས་ལེན་མ་བྱས། གསལ་སྒྲོག་ལས་བཤད་རྒྱུར། པེད་ཏིན་ལ་ཁ་པར་གཏོང་སྐབས་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཁོའི་ནམ་རྒྱུན་གྱི་ལངས་ཕྱོགས་བསྐྱར་སྒྲོག་བྱས་ཡོད་དེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཚར་གཅོད་བྱས་རྗེས། དབྱི་སི་རལ་ཕྱོགས་ཀྱིས་ངེས་པར་དུ་ཅཱ་ཧྲ་ས་ཁུལ་ལ་ཕྱོགས་ཡོངས་ནས་བདེ་འཇགས་ཚོད་འཛིན་བྱེད་པ་སྲུང་འཛིན་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱིས་དབྱི་སི་རལ་ལ་ཡང་བསྐྱར་འཇིགས་ཉེན་ཐེབས་མི་སྲིད་པར་འགན་སྲུང་བྱེད་དགོས་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉི་ཤུ་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། དབྱི་སི་རལ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་གྱི་ཅོར་ཏན་ནུབ་འགྲམ་ས་ཁུལ་དུ་བདེ་འཇགས་ཚོད་འཛིན་བྱེད་པའི་ཐད་ནས་གཞན་ལ་མཐུན་སྦྱོར་བྱེད་མི་སྲིད་ཟེར།

ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་བཅུ་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། པེད་ཏིན་གྱིས་ཉིན་དེར་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་དབྱི་སི་རལ་གྱི་བདེ་འཇགས་ལ་འགན་སྲུང་བྱས་པའི་གནས་ཚུལ་འོག་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལག་བསྟར་བྱེད་པར་གྲོས་བསྡུར་བྱས་ཟེར།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། ཕཱ་ལེ་སི་ཐན་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ནི་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པ་སྟེ། གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱས་ཤིང་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་ཏེ། བདག་དབང་ལྡན་ལ་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་བཙུགས་ནས། རྩ་བའི་ཐོག་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་མཉམ་གནས་མངོན་འགྱུར་བྱེད་དགོས་པར་འདོད་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།