ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཡཱ་ཏེན་མཚོ་ཁུགས་ནས་ཨ་མེ་རི་ཁའི་དམག་བཀོལ་དངོས་སྐྱེལ་གྲུ་གཟིངས་ལ་འཇབ་རྒོལ་བྱས།
2024.01.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་ཡཱ་ཏེན་མཚོ་ཁུགས་སུ་བགྲོད་པའི་ཨ་མེ་རི་ཁའི་དམག་བཀོལ་དངོས་སྐྱེལ་གྲུ་གཟིངས་ཤིག་ལ་འཕུར་མདའ་འགའ་གཏོང་འཕེན་བྱས་ནས་གྲུ་གཟིངས་དེར་ཕོག་ཡོད་ཟེར།

སཱ་ལོས་ཡཱ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། དབྱི་སི་རལ་གྱིས་ཅཱ་ཧྲའི་འཁྲུག་རྩོད་མཚམས་འཇོག་པ་དང་ཅཱ་ཧྲ་ས་ཁུལ་གྱི་བཀག་སྡོམ་མེད་པར་གཏོང་རག་བར་དུ། ཧུའུ་སེ་དྲག་ཆས་པས་མུ་མཐུད་དུ་མཚོ་དམར་མཚོ་ཁོངས་ནས་དབྱི་སི་རལ་ལ་འབྲེལ་བའི་གྲུ་གཟིངས་ལ་དཔུང་འཇུག་བྱེད་རྒྱུ་ཡིན་ཟེར།

ཧུའུ་སེ་དྲག་ཆས་པས་གསལ་སྒྲོག་ནང་འཇབ་རྒོལ་བྱས་པའི་བྱེ་བྲག་གི་དུས་ཚོད་གསལ་བོར་བསྒྲགས་མེད།

ཡོངས་བསྒྲགས་བྱས་པའི་རྒྱུ་ཆ་ལྟར་ན། ཨ་མེ་རི་ཁའི་རྒྱ་མཚོའི་ཅའོ་ཧྲི་རྟགས་ཅན་གྱི་གྲུ་གཟིངས་ནི་ཨ་མེ་རི་ཁའི་རྒྱལ་དར་བཀལ་བའི་དངོས་ཟོང་ཆེ་གྲས་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་ཤིག་ཡིན་པ་དང་། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་དྲ་ཚིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། གྲུ་གཟིངས་དེ་ཉིས་སྟོང་བཅུ་བདུན་ལོར་ཨ་མེ་རི་ཁའི་དམག་དཔུང་གིས་འགན་ལེན་བྱས་ནས། ཨ་མེ་རི་ཁའི་མཚོ་དམག་ལ་སྐྱེལ་འདྲེན་དང་དམག་བཀོལ་སྒྲིག་ཆས་ཆེ་གྲས་སྐྱེལ་བཞིན་ཡོད།

ཨ་མེ་རི་ཁ་ཕྱོགས་ཀྱིས་ད་རུང་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།