དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་རུ་གཞི་རྒྱ་ཆེ་བའི་དཔུང་འཇུག་འགུལ་སྐྱོད་སྤེལ།
2024.01.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་དམག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་འཐབ་འཁྲུག་གི་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཧན་ཡུག་ནེ་སི་ལ་གཞི་རྒྱ་ཆེ་བའི་དཔུང་འཇུག་འགུལ་སྐྱོད་སྤེལ་ནས། ཉིན་དེར་ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་ལྔ་བཅུ་བསད་ཡོད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་གྱི་ནམ་གུང་ནས་བཟུང་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་གྱི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཧན་ཡུག་ནེ་སི་སྟོང་ཤོག་ལ་གཞི་རྒྱ་ཆེ་བའི་དཔུང་འཇུག་འགུལ་སྐྱོད་སྤེལ་ཏེ། ཚེས་ཉེར་གཉིས་ཉིན་གྱི་དམག་དོན་འགུལ་སྐྱོད་ཁྲོད་དུ་ཉུང་མཐར་ཡང་ཧཱ་མཱ་སིའི་མི་སྣ་ལྔ་བཅུ་བསད་པ་དང་། དེའི་ནང་ཧཱ་མཱ་སིའི་གྲོས་མི་གཅིག་འདུས་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཧན་ཡུག་ནེ་སིའི་ཡུལ་གྱར་བའི་སྒར་ས་ཞིག་མཐའ་ནས་བསྐོར་ཡོད་པ་དང་། ཧཱ་མཱ་སིའི་དམག་དོན་རྟེན་གཞི་དང་བཅས་པའི་དམིགས་འབེན་མང་བོར་དཔུང་འཇུག་བྱེད་མགོ་བརྩམས་ཡོད། དབྱི་སི་རལ་གྱི་དམག་དཔུང་གིས་ཧན་ཡུག་ནེ་སིའི་དམག་དོན་འགུལ་སྐྱོད་ཉིན་འགའི་རིང་སྤེལ་རྒྱུ་ཡིན་པ་དང་། ཧཱ་མཱ་སིའི་ས་དེའི་རྩ་འཛུགས་རྨེག་མེད་དུ་གཏོང་རྒྱུ་ཡིན་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་གཞན་པ་ཞིག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་མི་གསུམ་ཧན་ཡུག་ནེ་སིའི་དམག་དོན་འགུལ་སྐྱོད་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་ས་ངོས་འགུལ་སྐྱོད་སྤེལ་བའི་ཚུན་ལ། བསྡོམས་པས་དབྱི་སི་རལ་གྱི་དམག་མི་བརྒྱ་དང་གོ་བརྒྱད་རྐྱེན་ལམ་དུ་ཤོར་ཡོད་ཟེར།

གཞན་ཡང་ཕཱ་ལེ་སི་ཐན་གྱི་སྨྱན་བྱད་མང་བོས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཧན་ཡུག་ནེ་སི་ལ་གཅིག་བསྡུས་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱར་རྨས་ཕོག་ཡོད་ཟེར། ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གི་མགྲིན་ཚབ་པ་ཆི་ཏི་ལཱ་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་འགས་གཏོར་གཏོང་ས་གཙོ་བོ་ནི་ཧན་ཡུག་ནེ་སིའི་ནུབ་ཕྱོགས་ས་ཁུལ་ཡིན་པ་དང་། མིག་སྔར་ས་ཁུལ་དེར་རྨས་མ་མང་བོར་གསོ་བཅོས་བྱེད་ཐབས་མེད་ལ། ཧན་ཡུག་ནེ་སི་གྲོང་ཁྱེར་གྱི་ནཱ་སེ་ཨར་སྨན་ཁང་གི་གཤགས་བཅོས་ཁང་ལ་སྔར་ལས་མང་བའི་རྨས་མ་ཤོང་ཐབས་མེད་ཟེར།

ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་གཉིས་ཉིན་སྤེལ་བའི་གཞི་གྲངས་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་འདས་པའི་དུས་ཚོད་ཉེར་བཞིའི་ནང་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་བསྡོམས་པས་མི་བརྒྱ་དང་དགུ་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་བརྒྱ་དང་བཞི་བཅུར་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།