དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་གྱིས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་དབྱི་སི་རལ་དང་ལེ་པཱ་ནུན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་འདོད་པའི་ཚུལ་བསྟན།
2024.01.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཅཱ་ལན་ཐི་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་བར་གྱི་འཁྲུག་རྩོད་ཐག་གཅོད་བྱེད་འདོད་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཅཱ་ལན་ཐི་ཡིས་ཉིན་དེར་ཐི་ལཱ་ཝེ་ཧྥུའུ་ནས་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་རྒྱལ་སྲུང་བློན་ཆེན་ལེ་ཁི་ཨར་ནེ་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱིས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་བར་གྱི་འཁྲུག་རྩོད་ཐག་གཅོད་བྱེད་འདོད་ཡོད་པ་དང་། དེའི་ཞོར་དུ་མུ་མཐུད་དུ་དམག་དོན་འགུལ་སྐྱོད་ཀྱི་གྲ་སྒྲིག་གང་ལེགས་བྱེད་རྒྱུ་ཡིན། བྱང་ཕྱོགས་ས་ཁུལ་གྱི་བདེ་འཇགས་གནས་བབ་ལེགས་བཅོས་བྱེད་པ་དང་མཐའ་མཚམས་སྡོད་དམངས་དག་བདེ་འཇགས་ངང་ཕྱིར་རང་ཁྱིམ་དུ་མ་ལོག་གོང་། ཀྲིན་ཀྲུའུ་ཏང་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་བཞག་ཀྱང་། དབྱི་སི་རལ་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་མི་སྲིད་ཟེར།

གཞན་ཡང་དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉེར་གཉིས་ཉིན་ཡེ་ལུའུ་སཱ་ལེམ་ནས་ལེ་ཁི་ཨར་ནེ་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་ལྟར་ཀྲིན་ཀྲུའུ་ཏང་མཐའ་མཚམས་ས་ཁུལ་ནས་ཕྱིར་འཐེན་བྱེད་དུ་འཇུག་པ་ནི་དབྱི་སི་རལ་གྱི་དམིགས་འབེན་གལ་ཆེན་ཞིག་ཡིན་ལ། དམིགས་འབེན་དེ་མངོན་འགྱུར་བྱེད་པར་ཕྱི་འབྲེལ་དང་ཐབས་ལམ་གཞན་པར་བརྟེན་ཆོག་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།