ཨ་མེ་རི་ཁ་དང་དབྱིན་ཇི་ཡིས་ཡང་བསྐྱར་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས།
2024.01.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་འཐབ་འཛིང་གནམ་གྲུས་ཉིན་དེའི་དགོང་མོར་ཡང་བསྐྱར་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་དང་ཞིང་ཆེན་གཞན་པར་བར་སྣང་འཇབ་རྒོལ་བྱས་ཟེར།

བསྒྲགས་པ་ལྟར་ན། སཱ་ནཱ་རུ་ཉིན་དེར་ཨ་མེ་རི་ཁ་དང་དབྱིན་ཇིའི་འཐབ་འཛིང་གནམ་གྲུས་སྐོར་ཐེངས་བདུན་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། ཆམ་ཕབ་གཏོང་སའི་དམིགས་འབེན་དེ་སཱ་ནཱའི་བྱང་ངོས་ཀྱི་ཏའེ་ལཱ་མུས་མཁའ་དམག་རྟེན་གཞི་དང་ནུབ་ཕྱོགས་ཀྱི་ཧཱ་ཧྥ་དམག་སྒར་ཡིན་ལ། ཨ་མེ་རི་ཁ་དང་དབྱིན་ཇིའི་འཐབ་འཛིང་གནམ་གྲུས་ད་རུང་ཐཱ་དབྱེ་ཙི་དང་པེ་ཏཱ། ཧི་ཐེ་ཏཱ་སོགས་ཞིང་ཆེན་མང་བོའི་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཟེར།

ཉིན་དེར་བར་སྣང་འཇབ་རྒོལ་མ་བྱས་གོང་། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལོས་ཡཱ་ཡིས་གསལ་སྒྲོག་སྤེལ་ནས། རྩ་འཛུགས་དེས་ཡཱ་ཏེན་མཚོ་ཁུགས་སུ་བགྲོད་པའི་ཨ་མེ་རི་ཁའི་དམག་བཀོལ་གྲུ་གཟིངས་ཤིག་ལ་འཕུར་མདའ་མང་བོ་གཏོང་འཕེན་བྱས་ཏེ་གྲུ་གཟིངས་དེར་ཕོག་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་དཔོན་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་དང་དབྱིན་ཇིའི་མཉམ་འབྲེལ་དམག་དཔུང་གིས་ཉིན་དེར་ཡེ་མིན་མངའ་ཁོངས་ཀྱི་ཧུའུ་སེ་དྲག་ཆས་པའི་དམིགས་འབེན་ལ་ཡང་བསྐྱར་ཆམ་ཕབ་བཏང་ཡོད་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་པེད་ཏིན་གྱིས་ཚེས་ཉེར་གཉིས་ཉིན་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སུའུ་ནཱ་ཁི་ལ་ཁ་པར་བཏང་། ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་སྤེལ་བའི་གནས་ཚུལ་ལྟར་ན། ཕྱོགས་གཉིས་ཀྱིས་ཧུའུ་སེ་དྲག་ཆས་པས་མཚོ་དམར་མཚོ་ཁོངས་ཀྱི་ཚོང་དོན་གྲུ་གཟིངས་དང་དམག་གྲུར་འཇབ་རྒོལ་བྱས་པའི་དོན་ལ་གྲོས་བསྡུར་བྱས་པ་དང་། ས་ཁུལ་དེའི་མཚོ་ཐོག་འགྲུལ་བཞུད་ཀྱི་རང་དབང་དང་རྒྱལ་སྤྱིའི་ཚོང་ལས། གྲུ་བའི་ཚེ་སྲོག་བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།