ཙེ་ལེན་སི་ཅི་ཡིས་ཕྱི་རྒྱལ་གྱིས་རོགས་སྐྱོར་བྱས་པའི F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་འཐབ་འཁྲུག་ལ་ཞུགས་ཡོད་པའི་ཚུལ་བསྟན།
2024.08.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས4ཉིན་སྨྱན་བྱད་ལ་རྩོམ་ཡིག་སྤེལ་ཏེ་བདེན་དཔང་བྱས་དོན། རྒྱལ་ཁབ་གཞན་པས་རོགས་སྐྱོར་བྱས་པའི F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དེ་ཝུའུ་ཁི་ལན་དུ་འབྱོར་བར་མ་ཟད་བེད་སྤྱོད་བྱེད་མགོ་བརྩམས་ཡོད་ཟེར།

ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་འཕུར་སྐྱོད་པས F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཀོལ་ནས་འཐབ་འཁྲུག་ལ་ཞུགས་བཞིན་ཡོད་ཟེར་ཡང་། ཁོས་ཝུའུ་ཁི་ལན་ཕྱོགས་ཀྱིས་འཐབ་འཛིང་གནམ་གྲུ་དེ་རིགས་ཁ་གྲངས་ཅི་ཙམ་དང་ལེན་བྱས་པ་གསལ་བོར་བསྒྲགས་མེད། ཙེ་ལེན་སི་ཅི་ཡིས་ཏན་མག་དང་ཧི་ལན། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ལ་བཀའ་དྲིན་ཞུས། ཁོས་ད་རུང་ནན་གྱིས་བསྟན་དོན། མིག་སྔར་ཝུའུ་ཁི་ལན་གྱིས་རྒྱལ་ཁབ་གཞན་པ་ནས་དང་ལེན་བྱས་པའི F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུའི་ཁ་གྲངས་དང་ཕྱི་རྒྱལ་ནས་སྦྱོང་བརྡར་བྱས་པའི་ཝུའུ་ཁི་ལན་གྱི་འཕུར་སྐྱོད་པའི་ཁ་གྲངས་སྔར་བཞིན་མི་འདང་ཟེར།

ཙེ་ལེན་སི་ཅི་ཡིས་དེའི་སྔོན་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཝུའུ་ཁི་ལན་གྱི་མཁའ་དམག་གི་འཕུར་སྐྱོད་པའི་ཕྱི་རྒྱལ་གྱི་སྦྱོང་བརྡར་བྱེད་པའི་དུས་ཚོད་ཇེ་ཐུང་དུ་གཏོང་བ་དང་། སྦྱོང་བརྡར་རྟེན་གཞི་རྒྱ་བསྐྱེད་དགོས་པར་མ་ཟད། F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུའི་ཁ་གྲངས་ཇེ་མང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

བསྒྲགས་པ་ལྟར་ན། བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་དག་གིས་རོགས་སྐྱོར་བྱས་པའི F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཅུ་ཟླ་བདུན་པའི་ཟླ་མཇུག་ཏུ་ཝུའུ་ཁི་ལན་ལ་རྩིས་སྤྲོད་བྱས་པ་དང་། ཝུའུ་ཁི་ལན་ལ་ལོ་མཇུག་གི་སྔོན་ལ་ཡང་བསྐྱར F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཅུ་ཐོབ་པའི་རེ་བ་ཡོད་ཟེར།

བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཏན་མག་དང་ཧི་ལན་གྱིས་མཉམ་དུ་གཙོ་ཁྲིད་བྱེད་པའི་རྒྱལ་ཁབ་བཅུ་གཅིག་གིས་གྲུབ་པའི་མནའ་འབྲེལ་བཙུགས་པ་དང་། མནའ་འབྲེལ་དེས་ཝུའུ་ཁི་ལན་ལ F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་འདོན་སྤྲོད་བྱེད་པའི་འབྲེལ་ཡོད་སྦྱོང་བརྡར་ལ་འགན་ཁུར་ཡོད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་དེའི་སྔོན། གལ་ཏེ་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་ཉིང་རྡུལ་མཚོན་ཆ་ཁུར་བའི F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་མཐོང་ཚེ། ཨུ་རུ་སིའི་ཕྱོགས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གི་ཉིང་རྡུལ་ནུས་པའི་འཇིགས་ཉེན་ཡིན་པར་རློམ་ནས་རྒོལ་ལན་སྤྲོད་སྲིད་པའི་ཉེན་བརྡ་བཏང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།