དབྱི་སི་རལ་དམག་ཕྱོགས་དང་མྱུར་སྐྱོབ་རྩ་འཛུགས་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཚོད་འཛིན་བྱེད་པའི་ཕཱ་ལེ་སི་ཐན་གྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅོར་ཏན་དང་འབྲེལ་བའི་ཨེ་ལོན་པུས་ཟམ་ཁའི་སྐམ་སའི་རྒྱུ་ལམ་དུ་ཚེས8ཉིན་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། དབྱི་སི་རལ་གྱི་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། འཇབ་རྒོལ་མཁན་དེ་དབྱི་སི་རལ་ཕྱོགས་ཀྱིས་བསད་པ་རེད།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། འཇབ་རྒོལ་མཁན་ཞིག་གིས་དངོས་སྐྱེལ་རླངས་འཁོར་བསྐོར་ནས་ཅོར་ཏན་ནས་ཨེ་ལོན་པུས་ཟམ་ཁའི་སྐམ་སའི་རྒྱུ་ལམ་ས་ཁུལ་དུ་ཡོང་བ་དང་། དེའི་རྗེས་སུ་རླངས་འཁོར་ལས་བབས་ནས་མེ་མདས་བརྒྱབ་སྟེ། དབྱི་སི་རལ་གྱི་མི་སེར་དཀྱུས་མ་གསུམ་བསད། འཇབ་རྒོལ་མཁན་དེ་དབྱི་སི་རལ་གྱི་བདེ་འཇགས་དམག་དཔུང་གིས་བསད་པ་རེད། མིག་སྔར་དབྱི་སི་རལ་དམག་ཕྱོགས་ཀྱིས་དངོས་སྐྱེལ་རླངས་འཁོར་དེའི་ནང་འགད་རྫས་སྦས་ཡོད་མེད་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།
སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འཇབ་རྒོལ་མཁན་དེ་ནི་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཡོང་བའི་དངོས་སྐྱེལ་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཡིན་པ་དང་། ཅོར་ཏན་ཕྱོགས་ཀྱིས་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།
དབྱི་སི་རལ་ཕྱོགས་ཀྱིས་ཨེ་ལོན་པུས་ཟམ་ཁའི་སྐམ་སའི་རྒྱུ་ལམ་གནས་སྐབས་སུ་བཀག་སྡོམ་བྱས་ཡོད།
ཨེ་ལོན་པུས་ཟམ་ཁའི་སྐམ་སའི་རྒྱུ་ལམ་དེ་ཕཱ་ལེ་སི་ཐན་གྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་གྱི་ཅོར་ཏན་དང་འབྲེལ་བའི་གནས་སུ་ཡོད་པ་དང་། དབྱི་སི་རལ་གྱིས་བདག་བཟུང་བྱས་ཡོད་ལ། མིག་སྔར་ཕཱ་ལེ་སི་ཐན་གྱི་མི་མང་བོ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ས་ཁུལ་དང་འབྲལ་སའི་རྒྱུ་ལམ་གཙོ་བོ་ཞིག་ཏུ་གྱུར་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།