གསར་འགོད་པས་ཚེས9ཉིན་ཚོང་དོན་པུའུ་ནས་བསྡུས་པའི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོ་དང་ཅཱ་ལེ་པུས་ཀྱི་དཔལ་འབྱོར་ཉོ་ཚོང་མཉ།མ་ལས་གླེང་སྟེགས་སྐབས་བཞི་བའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་དེ་ཟླ9བའི་ཚེས12ཉིན་ནས་ཚེས14ཉིན་བར་ཧེ་ནན་ཞིང་ཆེན་གྱི་ཆོང་ཧེ་གྲོང་ཁྱེར་དུ་བསྡུས། སྐབས་འདིའི་གྲོས་ཚོགས་ནས་གསར་དར་མཉམ་ལས་ཁྱབ་ཁོངས་གནད་སར་བཟུང་སྟེ། ཀྲུང་གོ་དང་ཅཱ་ལེ་པུས་ཀྱི་ལས་རིགས་སོ་སོར་སྲིད་ཇུས་འབྲེལ་འདྲིས་དང་ཚོང་སྐལ་རྒྱ་བསྐྱེད་པའི་སྟེགས་བུ་འདོན་སྤྲོད་བྱས་ནས། ཀྲུང་གོ་དང་ཅཱ་ལེ་པུས་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་མཚོན་རྟགས་བཟང་བོ་མངོན་པར་བྱས་ཡོད་ཟེར།
ཚོང་དོན་པུའུ་ཡི་ཟི་ཀྲང་ལིན་ཧྥུན་གྱིས་མཚམས་སྦྱོར་བྱས་དོན། སྔོན་ཆད་དང་བསྡུར་ན་སྐབས་འདིའི་གྲོས་ཚོགས་ལ་ཁྱད་ཆོད་གསུམ་ཡོད་དེ། གཅིག་ནི་སྒོ་འབྱེད་ཀྱི་བརྗོད་དོན་ལ་དམ་པོར་དམིགས་ནས། ཧེ་ནན་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་གྲུབ་འབྲས་མངོན་པར་བྱས་ཏེ། ཅཱ་ལེ་པུས་རྒྱལ་ཁབ་དག་ལ་ཐག་ཉེ་ས་ནས་ཀྲུང་གོའི་དུས་རབས་གསར་བའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་རྒྱུས་ལོན་བྱེད་དུ་འཇུག་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཆོད་སེམས་ལག་བསྟར་བྱེད་རྒྱུ་ཡིན། གཉིས་ནས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་དམ་པོར་དམིགས་ནས། སྐབས་འདིའི་གྲོས་ཚོགས་ནས་གསར་དར་མཉམ་ལས་ཁྱབ་ཁོངས་ལ་དོ་སྣང་བྱས་ཡོད་པ་དང་། ལྷད་མེད་ཐཱན་ཉུང་དང་གཞི་གྲངས་ལག་རྩལ་གྱིས་ཀྲུང་གོ་དང་ཅཱ་ལེ་པུས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་གོ་སྐབས་གསར་བ་དང་རྣམ་པ་གསར་བ་འཚོལ་ཞིབ་བྱས་ཏེ། ཀྲུང་གོ་དང་ཅཱ་ལེ་པུས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་བྱེད་ནུས་སྩོལ་བ་དང་། ཅཱ་ལེ་པུས་རྒྱལ་ཁབ་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་བར་གྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དངོས་འབེབས་བྱེད་པར་རོགས་འདེགས་བྱས་ཡོད། གསུམ་ནས་དགོས་མཁོའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་གྲོས་ཚོགས་གྲ་སྒྲིག་བྱེད་པའི་དུས་རིམ་ནང་། ཚོང་དོན་པུའུ་ཡིས་ཐབས་ལམ་མང་བོ་བརྒྱུད་དེ། ཅཱ་ལེ་པུས་ཀྱི་རྒྱལ་ཁབ་སོ་སོས་ཀྲུང་གོའི་བར་མཉམ་ལས་བྱེད་པའི་ཁྱད་གཤིས་ཅན་གྱི་དགོས་མཁོར་རྒྱུས་ལོན་བྱས་པ་དང་། ཀྲུང་གོའི་ཁེ་ལས་ཀྱི་ཅཱ་ལེ་པུས་རྒྱལ་ཁབ་ནས་བྱེད་སྒོ་སྤེལ་བའི་རེ་འདོད་འཚོལ་སྡུད་བྱས་པར་མ་ཟད། དེའི་རྨང་གཞིའི་སྟེང་ཅཱ་ལེ་པུས་ཀྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་པུའུ་ཀྲང་དང་ཀྲུང་གོའི་ཁེ་ལས་ཀྱི་གྲོས་མོལ་ཚོགས་འདུའི་ཆེད་དོན་བྱ་འགུལ་ལ་གྲ་སྒྲིག་བྱས་ཡོད།
སྐབས་འདིའི་གྲོས་ཚོགས་ནི་ཚོང་དོན་པུའུ་དང་ཧེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན། ཨན་ཐིས་བཀྭའ་དང་པཱ་པུའུ་ཏཱ། པཱ་པཱ་ཏའོ་སི། པཱ་ཧཱ་མཱ། ཁུ་པཱ། ཏའོ་སྨི་ནི་ཁི། ཏའོ་སྨི་ནི་ཁཱ། ཀི་ལིན་ནཱ་ཏཱ། ཀོས་ཡཱ་ནཱ། ཡཱ་མེད་ཅཱ། སུའུ་ལི་ནན། ཐི་ལི་ནེ་ཏཱ། ཏའོ་པཱ་ཀི་སོགས་ཅཱ་ལེ་པུས་ཀྱི་གླེང་སྟེགས་དང་ཚོགས་ཞུགས་རྒྱལ་ཁབ་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་བཅུ་གཅིག་དང་། དེ་མིན་ཅཱ་ལེ་པུས་ཐུན་མོང་ཚོགས་པའི་དྲུང་ཡིག་ཁྲུའུ་ཡི་འཐུས་མི་བཅས་གྲོས་ཚོགས་ལ་ཞུགས། ཧེ་ཐིའི་སྲིད་གཞུང་གི་འཐུས་མིས་ལྟ་ཞིབ་པའི་ཐོབ་ཐང་བཟུང་ནས་གྲོས་ཚོགས་ལ་ཞུགས།
ཀྲུང་གོ་དང་ཅཱ་ལེ་པུས་ཀྱི་གླེང་སྟེགས་རྐྱེན་སྲོལ་ནི2004ལོར་བཙུགས་པ་དང་། གླེང་སྟེགས་དེས་ཀྲུང་གོ་དང་ཅཱ་ལེ་པུས་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པ་དེ་དམིགས་ཡུལ་དུ་བཟུང་ཡོད་ལ། དེ་ནི་ཀྲུང་གོ་དང་ཅཱ་ལེ་པུས་ཀྱི་རྒྱལ་ཁབ་སྲིད་གཞུང་བར་གྱི་རིམ་པ་ཆེས་མཐོ་བའི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་རྐྱེན་སྲོལ་ཅིག་རེད། དེ་བཙུགས་ནས་ལོ་ངོ20འགོར་བའི་རིང་ལ། ཚོགས་ཞུགས་རྒྱལ་ཁབ་བར་གྱི་ཕྱོགས་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་བ་དང་། ཉོ་ཚོང་དངུལ་གཏོང་དང་། འཕེལ་རྒྱས་མཉམ་ལས། མི་ཤུགས་ཐོན་ཁུངས། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་ལ། ཀྲུང་གོ་དང་ཅཱ་ལེ་པུས་ཀྱི་རྒྱལ་ཁབ་བར་གྱི་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།